ལོ་ལྔའི་རིང་མཚོ་སྔོན་པོའི་བྱང་ངོགས་སུ་གྲུབ་འབྲས་གསར་པ་མངོན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞོགས་པའི་ཆུ་ཚོད་དྲུག་པར། མཚོ་སྔོན་པོའི་བྱང་ངོགས་ཀྱི་རྐང་ཚ་རྫོང་དུ། སྐྱ་རེངས་ད་དུང་བཀྱགས་མེད། དྭངས་ཤིང་གཙང་བའི་འོམ་དཀར་ཆུ་བོ་ནི་མུ་མེད་ཀྱི་རྩྭ་ཐང་སྟེང་དལ་གྱིས་འབབ་བཞིན་ཡོད་ལ། མཐོ་སྒང་གི་ཟླ་དྲུག་པའི་རླུང་བུ་བསིལ་ཞིང་འཇམ། ཁྱུ་དང་ཁྱུ་བྱས་པའི་རྩྭ་ཐང་གི་ནོར་ལུག་དང་ཆུ་མོའི་རླབས་ལ་རྩེན་པའི་གསེར་ཉ། མཚོ་འཕགས་སྨི3300ཡོད་པའི་ས་ཆ་འདིར། ཉིན་གསར་པ་ཞིག་གི་མགོ་བརྩམས་པ་རེད།
ཞོགས་པའི་ཆུ་ཚོད་དགུ་པར། མི་མེད་གནམ་གྲུ་ཞིག་འོམ་ཆུ་གྲོང་རྡལ་སྲུང་སྐྱོབ་ས་ཚིགས་ཀྱི་སྒོ་རའི་ནང་ནས་འཕུར་ཏེ། ཐད་ཀར་མཚོ་སྔོན་པོའི་གསེར་ཉའི་གཞིས་ཁྱིམ་དང་མཚོ་སྔོན་པོའི་འགྲམ་གྱི་ནགས་རར་འཕུར་སོང་། སྲུང་སྐྱོབ་པ་ཞུས་ཅི་ཉིན་གཞུང་ལས་ཁང་གི་ལྟ་ཞིབ་བརྙན་ཡོལ་ཆེན་མོའི་མདུན་དུ་བསྡད་དེ། མི་མེད་གནམ་གྲུས་བླངས་པའི་བརྙན་རིས་ལ་བལྟས་པ་ན། མཚོ་འགྲམ་གྱི་གནས་གང་དུ་གད་སྙིགས་ཡོད་པ་དང་། བརླན་ས་གང་དུ་རི་སྐྱེས་སྲོག་ཆགས་ཡོད་པ་སོགས་གསལ་བོར་མཐོང་ཐུབ།

“སྔོན་ཆད་སྐོར་ཞིབ་བྱེད་སྐབས་རྐང་ཐང་ངམ་ཡང་ན་འཕྲུལ་རྟར་བརྟེན་དགོས་ལ། ཉིན་གཅིག་གི་རིང་རྒྱུག་ཀྱང་ལྟ་རྟོག་བྱེད་མི་ཐུབ་པའི་ས་ཁུལ་ཡང་ཡོད” ཅེས་ཞུས་ཅི་ཉིན་དགོད་ཞོར་དུ་བཤད། ད་ལོ་ཁོ་ལོ་བཞི་བཅུ་ལྷག་ལ་སླེབས་ཤིང་། ནགས་རའི་ནང་བྱ་བ་སྒྲུབ་ནས་མི་ལོ་བཅོ་བརྒྱད་འགོར་ཡོད། ཉིན་ཞིག་རང་ཉིད་ཀྱི་ལས་ཀ་དེ་མི་མེད་གནམ་གྲུས“ཚབ་བྱེད”ཐུབ་པར་སུས་ཀྱང་བསམ་མ་མྱོང་། ན་ནིང་ཁོང་གིས་དམངས་སྤྱོད་མཁའ་འགྲུལ་ཅུ་ནས་མི་མེད་གནམ་གྲུའི་ཁ་ལོ་བའི་ལག་རྟགས་བླངས་ནས་དོ་དམ་ས་ཚིགས་ཀྱི“འཕུར་མཁན”ཁག་དང་པོར་གྱུར་པ་རེད། “ད་ལྟའི་མི་མེད་གནམ་གྲུར་དམར་ཕྱིའི་འོད་དང་དགོང་མོའི་ཕྱོགས་སྟོན་འོད་ཡོད་པས། ལས་ཆོད་བཅུ་ཆའི་བདུན་བརྒྱད་ཙམ་འཕར་ཡོད་པས། ང་ཚོས་བློ་སེམས་རྩེ་གཅིག་གིས་ཆུ་གཏོང་བ་དང་སྡོང་འཛུགས་ནགས་སྐྲུན་བྱས་ཆོག”ཅེས་ཞུས་ཅི་ཉིན་གྱིས་བཤད།
ཞུས་ཅི་ཉིན་གྱི་རྒྱབ་ལོག་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི“རིག་ནུས་ཀླད་ཆེན”འདིས་མི་མེད་གནམ་གྲུ་ཚོད་འཛིན་དང་དུས་ཐོག་ལྟ་རྟོག གཞི་གྲངས་གསོག་འཇོག་དབྱེ་ཞིབ་བཅས་གཞི་གཅིག་ཏུ་བསྡུས་ནས། ནགས་ཁུལ་གཙོ་བོའི་མཁའ་དབྱིངས་སྐོར་ཞིབ་དང་མེ་སྐྱོན་ལྟ་ཞིབ། སྒྲིག་འགལ་ཞིབ་བཤེར། ཐོན་ཁུངས་འགུལ་རྣམ་ལྟ་ཞིབ་ཚད་ལེན་བཅས་རྒྱུན་ལྡན་ཅན་དུ་སྤེལ་བཞིན་ཡོད། སྲོལ་རྒྱུན་སྐོར་ཞིབ་ཀྱི་ཕན་ནུས་དམའ་བ་དང་ལོང་ཁུལ་མང་བ་སོགས་ཀྱི་དཀའ་གནད་སེལ་ནས། ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
རྐང་ཚ་རྫོང་ནགས་རའི་མགོ་འཛིན་པ་ཝང་ཝེ་བརྙན་ཡོལ་མདུན་དུ་ལངས་ནས་སེམས་འགུལ་ཆེན་པོས། “སྔོན་ཆད་མི་ཡིས་མི་ལ་ལྟ་རྟོག་དང་རྐང་ཐང་ལ་རྒྱུག་དགོས། ད་ལྟ་ཉིན་མཚན་དུས་དྲུག་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་ཐུབ་པར་གྱུར་ཡོད། དོ་དམ་མི་སྣས་པར་བརྒྱབ་པ་དང་བརྙན་ཐུང་ལེན་པ། གནས་ཡུལ་གཏན་འཁེལ་གྱི་ཆ་འཕྲིན་བཅས་རྒྱབ་སྟེགས་ནས་དུས་ཐོག་ཏུ་མཐོང་ཐུབ།”ཁོས་རྩིས་ཤིག་བརྒྱབ་ན། རིག་ནུས་ལྟ་སྐུལ་དོ་དམ་མ་ལག་འཁོར་སྐྱོད་བྱས་རྗེས། ལས་ཆོད70%ནས80%བར་ཇེ་མཐོ་རུ་ཕྱིན་པ་དང་། མེ་སྐྱོན་གྱི་ཉེན་ཁ་དང་ནད་འབུའི་གནོད་འཚེ། རི་སྐྱེས་སྲོག་ཆགས་ལ་རྨས་སྐྱོན་ཕོག་པ་སོགས་གློ་བུར་དུ་བྱུང་བའི་གནས་ཚུལ་གྱི་དང་ལེན་བྱེད་ཡུན་ཇེ་ཐུང་དུ་སོང་ཡོད།
སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་ཡིན། ལོ་ལྔ་ཡི་རིང་ལ། རྐང་ཚ་རྫོང་གིས་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར3.9བཏང་ནས་སྐྱེ་ཁམས་སླར་གསོའི་སྤུས་ཚད་མཐོར་འདེགས་ལས་གྲྭ50ལྷག་ལག་བསྟར་བྱས་པ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་བྱ་སྤྱོད་མུའུ5000ལྷག་སྤེལ། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་མུའུ་ཁྲི8ལྷག་སླར་གསོ་བྱས་ལ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་སྲུང་སྐྱོབ་དུས་མགོའི་ཏུན2592ནས་ཏུན་ཁྲི13.3བར་འཕར་སྣོན་བྱུང་། དགོ་དམར་ཁྱུ་ཚོགས་ཀྱི་གྲངས་འབོར་དང་གནས་སྡོད་རྒྱ་ཁྱོན་རྒྱ་བསྐྱེད་བྱུང་ཡོད།
འོམ་ཆུ་ཕྱུགས་སྨན་ཁང་གི་མགོ་འཛིན་ཚེ་རིང་འབྲུག་རྩེ་ཡིས་རྐང་ཚ་རྫོང་གི་ཤེས་རིག་ཕྱུགས་ལས་གཞི་གྲངས་ཆེན་མོའི་སྟེགས་བུ་སྒོ་ཕྱེས་པ་ན། གསོ་སྤེལ་ས་ཚིགས་ཀྱི་ཁོར་ཡུག་གནས་ཚུལ་དང་ཐད་འཚོང་ཁང་གི་དུས་ཐོག་ཉོ་ཚོང་གཞི་གྲངས་ཚང་མ་འཆར་ངོས་སུ་མངོན། ཁོས་འཆར་ངོས་སྟེང་གི་ཉོ་ཚོང་ཟིན་ཐོ་སྟོན་ཞོར་བཤད་རྒྱུར། “ཐད་འཚོང་ཁང་དུ་ཉོ་ཚོང་བྱུང་ཚེ། ང་ཚོས་རྒྱབ་ལོག་ནས་དེ་མ་ཐག་མཐོང་ཐུབ། དབྱར་དུས་ཀྱི་འབྲུབ་འགོག་དང་དགུན་དུས་གངས་སྐྱོན་འགོག་པའི་སྐབས་སུ། ང་ཚོས་རྒྱུན་ལྡན་མིན་པའི་གནས་ཚུལ་སྔོན་ནས་ཤེས་ཐུབ་ལ། དུས་ཐོག་ཏུ་ཡུལ་ཚོ་དང་གྲོང་རྡལ་ལ་བརྡ་བཏང་ནས། གསོ་སྤེལ་ཁྱིམ་ཚང་གི་གྱོང་གུན་ཇེ་ཉུང་དུ་བཏང་ཡོད།”

ཀླུ་སྐྱབས་ཀྱི་ནོར་ལུག་ཤ་ཐད་འཚོང་ཁང་གི་ནང་དུ། གློག་རྡུལ་རྒྱ་མ་དེ་གཞི་གྲངས་ཆེན་མོའི་སྟེགས་བུ་དང་སྦྲེལ་ཡོད། ལུག་ཤ་དང་ནོར་གྱི་རྩིབས་རུས། ནོར་ཤ་རིལ་བུ་བཅས་རིགས་དབྱེ་ནས་ལྗིད་ཚད་འཇལ་ཞིང་། རིན་གོང་དང་ལྗིད་ཚད། ཚོང་འབོར་སོགས་མིག་མཐོང་ལག་ཟིན་རེད། “ཚོང་ཁང་ལོ་གཉིས་རིང་གཉེར་སྐྱོང་བྱས་པ་དང་། མ་ལག་འདི་བཙུགས་རྗེས་རྩིས་རྒྱག་མགྱོགས་ཤིང་ཡང་དག་ཡིན་པ། ཆེད་མངགས་གསོ་སྦྱོང་ཡང་བྱས་ཡོད།” ཀླུ་སྐྱབས་ཀྱིས་མགྲོན་པོ་བསུ་ཞོར་དུ་འཛུམ་དམུལ་དམུལ་ངང“ཕྱོགས་གཅིག་ནས་དངུལ་སྤྲད་ན། སྟེགས་བུའི་སྟེང་དུས་ཐོག་ཏུ་གསར་སྒྱུར་བྱེད་ཐུབ”ཅེས་བཤད།
དུས་ཐོག་གི་གཞི་གྲངས་འདི་དག་མཇུག་མཐར་རྐང་ཚ་རྫོང་གི་ཕྱུགས་ལས་གཞི་གྲངས་ཆེན་པོའི་སྟེགས་བུའི་འཆར་ངོས་སུ་འདུས་ཡོད། འདི་ནི་ཕྱུགས་ལས་གསོ་སྤེལ་གྱི“རིག་ལྡན་ལྟེ་གནས”ཡིན། འཆར་ངོས་དཀྱིལ་དབུས་སུ་ཡོད་པའི་རྐང་ཚ་རྫོང་གི་ས་ཁམས་ཆ་འཕྲིན་ས་ཁྲའི་སྟེང་དུ་འོད་འཚེར་བའི་ཚེག་མང་པོ་ཁྱབ་ཡོད། དེ་དག་ནི་རྫོང་ཡོངས་ཀྱི་གསོ་སྤེལ་རྟེན་གཞི་དང་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་གནད་འགག་གི་ཚིགས་ཚེག་ལ་འཁེལ་ཡོད། ཚེག་རེ་རེ་ཡིས་དུས་ཐོག་གཞི་གྲངས་བསྡུ་ལེན་དང་བརྒྱུད་སྤྲོད་ཀྱི་ནུས་པ་ཁུར་ཡོད། ཕྱོགས་གཉིས་སུ་ད་དུང་དུས་ཐོག་ལྟ་ཞིབ་ཚད་ལེན་གྱི་པར་རིས་སྣ་ཚོགས་བཀོད་ཡོད།
གཞི་གྲངས་ཡོད་པས་ཟོང་རྟགས་གསལ་བོར་མངོན་ཡོད། “ང་ཚོའི་མཚོ་སྔོན་པོའི་ཤ་ཡག་པོ་འདུག འོན་ཀྱང་སྔོན་ཆད་ཤ་ཉོས་ནས་ཟ་དུས་ཁུག་མའི་སྟེང་དུ་རྟགས་མཚན་གཅིག་ཀྱང་མེད། ད་ལྟ་དེ་དང་མི་འདྲ་སྟེ། ང་ཚོའི་ཤ་ལའང་ཟོང་རྟགས་ཡོད་པ་དང་། ཆ་ཤས་ལྟར་དབྱེ་ཡོད་པས་ཚད་གཞི་མཐོ”ཞེས་རྐང་ཚ་རྫོང་སྐྱེ་ལྡན་ཕྱུགས་ལས་འཛུགས་སྐྲུན་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཝུན་ཕིན་གྱིས་ཡིད་ཆེས་ཀྱིས་ཁེངས་ནས་བཤད།

ཐོན་ལས་ཀྱི་འགྱུར་ལྡོག་གིས་གསེར་དངུལ་ངོ་མ་བསྐྲུན། ལོ་ལྔའི་རིང་ལ། རྐང་ཚ་རྫོང་གིས་ཕན་ནུས་ཆེ་བའི་ཕྱུགས་ལས་དམ་འཛིན་བྱས་ཏེ།“སྲོལ་རྒྱུན་ནས་ཟོང་རྟགས་བར”གྱི་འགྱུར་ལྡོག་མངོན་འགྱུར་བྱུང་། མ་དངུལ་སྒོར་ཁྲི26400བཏང་ནས་ཕྱུགས་ལས་འཕེལ་རྒྱས་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ས་ཁམས་མཚོན་རྟགས་བདེན་དཔང་ཟོང་རྟགས36གསོ་སྐྱོང་བྱས། ཚོང་རྟགས་འཛུགས་སྐྲུན་གྱི་འབྲས་བུ་གཡུར་དུ་ཟ་བ་དང་། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། དྲ་ལམ་དང་ཡུལ་དངོས་གཉིས་ཀྱི་ཚོང་ལམ་ཡོངས་སུ་ཤར་གཏོང་བྱུང་བ་བཅས་བྱས་ཏེ། ཕྱིར་གཏོང་ཐོན་རྫས་རིན་ཐང་སྒོར་ཁྲི63596ལ་སླེབས། དྲ་ལམ་ནས་ཕྱིར་འཚོང་བྱས་པའི་དངུལ་འབོར་སྒོར་ཁྲི4624.88ལས་བརྒལ།
ཟླ་དྲུག་པའི་ལྷ་ཆབ་ཁུག་གི་གཡུ་མཚོ་དྭངས་ཤིང་གསལ་ལ། གནས་སྐོར་བ་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད། འབྲོག་པ་དཔའ་ཁོ་རྒྱལ་གྱིས་རང་གིས་རྒྱན་སྤྲས་བྱས་པའི་རྟ་ཁྲིད་ནས་པར་ལེན་ས་རུ་གནས་སྐོར་བར་ཞབས་ཞུ་བྱེད་བཞིན་ཡོད། “ཟླ་ལྔ་པ་སོ་མ་ཚེས་བྱུང་། ཟླ་གཅིག་གི་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཡོད། ཡུལ་ཐག་ཉེ་བས་སྒོ་ཁ་ནས་རྒྱུ་བཙལ་ཆོག”དཔའ་ཁོ་རྒྱལ་གྱི་འཛུམ་མདངས་ཁྲོད་ཡིད་ཚིམ་པ་མངོན་ཡོད།

ཁོ་དང་འདྲ་བར་འབྲོག་པ་མང་པོས“ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་འབྲོག་པ་མ་རྐང་འཇོག་མཁན་དུ་འགྱུར་བའི”ཕན་ཁེ་ཤེས་བཞིན་ཡོད། ལྷ་ཆབ་ཁུག་དང་གསེར་ཉའི་གཞིས་ཁྱིམ་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་དུ་རྐང་ཚ་རྫོང་གིས“རྩྭ་ར་མ་རྐང་ནང་ཞུགས་པ་དང་གླ་ཕོགས་ལས་ཞུགས། སྒེར་གཉེར”བཅས་ཀྱི་བྱེད་སྟངས་གསུམ་ཁྱབ་གདལ་བཏང་སྟེ། སྡེ་བའི་ཐུན་མོང་གི་རྩྭ་ས་མ་རྐང་ནང་བཞག་ནས་ཁེ་སྤོགས་བགོ་བ་དང་། རོང་འབྲོག་མང་ཚོགས་སྐྱེ་ཁམས་འགྲེལ་བཤད་པ་དང་གཙང་སྦྲ་བ། སྤ་སེ་འཚོང་མཁན། རྟ་བ། བོད་ཟས་རོལ་མྱོང་། རིག་གནས་གསར་གཏོད་བྲིན་ཚོང་བཅས་ཀྱིས་མང་ཚོགས“སྦྱིན་བདག”བྱེད་དུ་བཅུག
“སྡེ་མིའི་ཡོང་འབབ་མཐོ་རུ་གཏོང་བ་དང་ཁེ་ལས་ཀྱིས་སྡེ་བར་སྐུལ་ཁྲིད་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཁྱིམ་ནས་སྒོར་འབུད་མི་དགོས་པར་ཡོང་འབབ་མཐོ་རུ་གཏོང་ཐུབ་ལ། ས་ཆ་གཞན་གྱི་གནས་སྐོར་བ་དང་འབྲེལ་འདྲིས་ཀྱང་བྱེད་ཐུབ་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་སྡེ་མི་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་ཡོད”ལྗོངས་ཁུལ་སྤྱི་གཉེར་གྱི་མགོ་བ་ལིའུ་ཀྲུང་ཆང་གིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུ་དེ་མཚོ་སྔོན་མཚོ་འགྲམ་ནས་མཉམ་དུ་སྐྱོད་བཞིན་ཡོད་ཅེས་བཤད།

དམངས་ཚིས་འགྱུར་ལྡོག་གིས་བདེ་སྐྱིད་ཀྱི་གཞི་མདོག་བྲིས་ཡོད། ལོ་ལྔ་ཡི་རིང་ལ། རྐང་ཚ་རྫོང་གི་རིག་གནས་དང་གནས་སྐོར་མཉམ་འདྲེས་ཀྱིས་དུས་མཉམ་དུ་ཚོགས་པ་རིམ་སྤོར་བྱས་ཡོད། “བྱ་དང་ཉ་ཡི་ཞིང་ཁམས་བོད་མཁར་རྐང་ཚ”ཞེས་པའི་ལྟེ་བའིIPགཏིང་ཟབ་སྒོས་སྔོག་འདོན་བྱས་ཏེ། ཞིང་ཆེན་རིམ་པའི་གནས་སྐོར་གྲོང་གསེབ་ཀྱི་དཔེ་སྟོན་སྡེ་བ་དང་། རྫོང་རིམ་པའི་དཔེ་སྟོན་ས་ཚིགས་བསྐྲུན་པ། དམངས་སྡོད་ཁང་དང་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ལས་རིགས་གསོ་སྐྱོང་བྱས་ཏེ། ཐད་ཀར་མི་དམངས་མང་ཚོགས་བརྒྱ་ཕྲག་ཁ་ཤས་ལས་ཀར་ཞུགས་པར་སྐུལ་ཁྲིད་བྱས་པ་དང་། མི་ཁྲི་ལ་ཉེ་བར་ཁེ་ཕན་ཐོབ་པར་བྱས། ཁྱིམ་ཚང་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཁ་ཤས་འཕར་སྣོན་བྱུང་བས། སྐྱེ་ཁམས་རིག་གནས་ཀྱི་ལེགས་ཆ་དངོས་གནས་དམངས་ཚིས་བདེ་སྐྱིད་དུ་བསྒྱུར་ཡོད།

འགྱུར་ལྡོག་དེ་གནས་འདི་གར་འབྱུང་བཞིན་ཡོད། སྐྱེ་ཁམས་ཐད་མ་དངུལ་སྒོར་དུང་ཕྱུར་མང་པོ་བཏང་ནས་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པས། རྩྭ་ཐང་གི་ཁེབས་ཚད་བརྒྱ་ཆ་བདུན་ཅུ་ལས་བརྒལ་བ་དང་། གསེར་ཉ་དང་དགོ་དམར་གྱི་གྲངས་འབོར་མངོན་གསལ་གྱིས་མང་དུ་ཕྱིན་ཡོད། ཐོན་ལས་ལ་ཡོངས་ཁྱབ་ཏུ་སྐྱེ་ལྡན་ངོས་འཛིན་ཐོབ་ཅིང་། ཟོང་རྟགས་ལ་ཞང་ཀང་གི“ཀ་དག”བདེན་དཔང་ཐོབ་ཡོད། ནུས་ཁུངས་གཙང་མ་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། རིག་གནས་གནས་སྐོར་གྱིས་མི་བརྒྱ་ཕྲག་ཁ་ཤས་ལ་ལས་ཞུགས་སྐུལ་ཁྲིད་བྱས་པས། ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཁ་ཤས་འཕར་སྣོན་བྱུང་བ། གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་སུམ་སྟོང་ལ་ཉེ་བ་ཟིན་པ། དམངས་ཚིས་ནོར་སྲིད་ཀྱི་འགྲོ་གྲོན་གཙོ་བོ་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ལ་བཏང་བ། མི་རིགས་མཐུན་སྒྲིལ་དང་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན།
ལོ་ལྔའི་རིང་གི་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་དང་བདེ་སྐྱིད་ཀྱི་རུ་མ་དེ་གཉིས་མཚོ་འཕགས་ལས་མཐོ་ཚད་སྨི3300ཡོད་པའི་ས་གཞི་འདིའི་སྟེང་དུ་ཕན་ཚུན་སྣོལ་མར་སྡེབས་ཡོད། “སྐྱེ་ཁམས་མཛེས་པ་དང་ཐོན་ལས་དར་རྒྱས། མི་དམངས་ཕྱུག་འགྱུར། བཅོས་སྐྱོང་བདེ་འཇགས”བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་ཞིག་རིམ་གྱིས་མངོན་བཞིན་ཡོད།