网站无障碍
མཚོ་སྔོན་རྐང་ཚའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི13.30བར་འཕར།
发布时间:2026年06月12日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་སྲོག་བླུ་དང་ས་ཁོངས་ཡོངས་སུ་ཉ་རྒྱ་སྡོམ་པའི་དོ་དམ་ཚོད་འཛིན་སོགས་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས། གསེར་ཉའི་ཐོན་ཁུངས་མཆོང་སྐྱོད་ལྟ་བུའི་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་པ་དང་ལོ་མང་རིང་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱས་པ་བརྒྱུད་རྐང་ཚ་རྫོང་གི་གསེར་ཉའི་ཐོན་ཁུངས་གསོག་ཚད་དེ་སྲུང་སྐྱོབ་སྔོན་གྱི་ཏུན་སྟོང་ཡང་མ་ཟིན་པ་ནས་ཏུན་ཁྲི13.30བར་འཕར་བ་དང་། སྤྱིའི་གྲངས་འབོར་ལྡབ50ཙམ་འཕར་ནས་གསེར་ཉ་འཚར་ལོངས་ཀྱི་གྲུབ་ཆ་ཉིན་རེ་བཞིན་ཇེ་བརྟན་དུ་ཕྱིན་ཡོད།

རྐང་ཚ་རྫོང་ནི་མཚོན་སྔོན་པོའི་གསེར་ཉའི་འཚོ་སྡོད་སྐྱེ་འཕེལ་བྱེད་ས་གཙོ་བོ་ཡིན། སྔོན་ཆད་ཉ་འཛིན་པ་ཚད་ལས་བརྒལ་བའི་ཤུགས་རྐྱེན་འོག་མཚོ་སྔོན་པོའི་གསེར་ཉའི་ཁྱུ་ཚོགས་ཧ་ལམ་ཚར་ལ་ཉེ་བ་དང་། མཚོ་འགྲམ་གྱི་སྐྱེ་ཁམས་ལ་གནོན་ཤུགས་ཆེན་པོ་བཟོས་ཡོད། ཐོན་ཁུངས་ཉམས་རྒུད་ཀྱི་གནས་སྟངས་བསྒྱུར་ཆེད། ས་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་མཚོ་སྡོམ་ཉ་གསོ་ལས་དོན་སྐོར་གྱི་བཀོད་སྒྲིག་ཁག་ལག་བསྟར་ནན་ཏན་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་གསེར་ཉ་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། གཞི་གྲངས་ལྟར་ན། རྫོང་འདིས་ཉ་ཕྲུག་དུང་ཕྱུར2.1ལྷག་སྲོག་བླུ་བྱས་པས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕན་གཉིས་ཕན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།

དོ་དམ་མ་ལག་འཛུགས་སྐྲུན་ཐད། རྐང་ཚ་རྫོང་གིས་སྲུང་སྐྱོབ་ཀྱི་ཐབས་ཤེས་གང་མང་སྤྱད་དེ“མིས་འགོག་པ+ལག་རྩལ་སྔོན་འགོག”གི་ལྟ་སྐུལ་དོ་དམ་དྲ་བ་འཛུགས་སྐྲུན་བྱས་ནས་ཕྱོགས་ཡོངས་སུ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་། མི་མེད་གནམ་གྲུས་བར་སྣང་དུ་སྐོར་ཞིབ་བྱེད་མགོ་བརྩམས། དུས་མཚུངས་སུ་ཆེད་ལས་ཁྲིམས་བསྟར་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རྒྱུན་རྣམ་ཅན་གྱི་ཁྲིམས་འགལ་ཉ་འཛིན་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས་དག་ཐེར་བྱས། སྲ་གཤིས་ཁྲིམས་བསྟར་ལ་བརྟེན་ནས་གསེར་ཉ་འཚོ་གནས་ཀྱི་བདེ་འཇགས་སྲུང་རགས་ཇེ་བརྟན་དུ་བཏང་། ཚན་རིག་དང་མཐུན་པའི་གསོ་སྤེལ་སྲུང་སྐྱོབ་བྱེད་སྟངས་ལ་བརྟེན་ནས། མིས་བཟོས་གསོ་སྤེལ་གྱིས་གསེར་ཉའི་ཐོན་ཁུངས་སླར་གསོ་བྱེད་པར་བྱས་རྗེས་བཞག་ཚད26%ལ་སླེབས།

གསེར་ཉའི་ཐོན་ཁུངས་རྒྱུན་མཐུད་ངང་སླར་གསོ་བྱས་པ་བརྒྱུད། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་སྐྱེ་དངོས་སྦྲེལ་ཐག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ས་གནས་འདིའི་དུས་བབ་དང་བསྟུན་ནས་སྐྱེ་ཁམས་རིག་གནས་གནས་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་དེ་སྔའི་སྟོངས་ལ་ཉེ་བའི་གསེར་ཉ་དེ་མང་ཚོགས་ཕྱུག་འགྱུར་དང་ཡོང་འབབ་ཇེ་མང་འགྲོ་བའི“སྐྱེ་ཁམས་ནོར་བུ”ཞིག་ཏུ་བསྒྱུར་ནས། གསེར་ཉ་སྟོངས་ལ་ཉེ་བ་ནས་སྐྱེ་ཁམས་སླར་གསོ་བྱུང་བའི་འགྱུར་ལྡོག་མངོན་འགྱུར་བྱུང་བ་དང་། སྐྱེ་ཁམས་ཀྱི་དགེ་མཚན་དེ་དམངས་འཚོའི་ཕན་འབྲས་སུ་བསྒྱུར་བའི་ཐབས་ལམ་དངོས་སུ་ཤར་གཏོང་བྱས་ཏེ། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བྱ་བར་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱས།