རྐང་ཚ་རྫོང་གི་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ97སློབ་རིམ་འཕར་བ་དང་ལས་ཞུགས་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“རྩལ་ནུས་ཀྱིས་ནུས་པ་འདོན་པ+ཞབས་ཞུ་རིམ་སྤོར་བྱེད་པ+ཟོང་རྟགས་ཀྱིས་སྣེ་ཁྲིད་བྱེད་པའི”བྱ་བའི་མ་ལག་གསར་གཏོད་བྱས་ཏེ།“རྩལ་ནུས་གཅིག་གིས་ལུས་ཡོངས་རྒྱན། བཤེར་ཨང་གཅིག་གིས་ལས་ལ་ཞུགས། ལས་རིགས་གཅིག་གིས་ཕྱུག་པོར་འགྱུར”བཅས་ཀྱི་གསེར་གྱི་ལྡེ་མིག་གསུམ་ལ་བརྟེན་ནས་ལས་ཞུགས་ཀྱི་དཀའ་གནད་སེལ་ཐབས་བྱས་ཏེ། སྤྱི་ཚོགས་འགན་སྲུང་དྲ་བ་སྔར་ལས་ཚགས་ཇེ་དམ་དུ་བཏང་བ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔར་ལས་ཆེ་རུ་ཕྱིན་ཡོད།
རྐང་ཚ་རྫོང་གིས“ཁྲོམ་རར་ཅི་ཞིག་མཁོ་ན་དེ་གསོ་སྦྱོང་བྱེད་པ་དང་། མང་ཚོགས་ཀྱིས་ཅི་ཞིག་སྦྱོང་འདོད་ན་དེ་ཁྲིད་རྒྱུ”རྒྱུན་འཁྱོངས་བྱས་ཏེ། རྩལ་ནུས་རིམ་སྤོར་ནི་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་འགག་སྒོ་སེལ་བའི་གཞི་རྩའི་སྲིད་ཇུས་ཡིན་ལ།“ཞིང་ཆུ་ལེབ་གཏོང”ནས“ཐིགས་ཆུ་གཏོང་བར”བསྒྱུར། རིམ་རྩིས་བྱས་ན་རྩལ་ནུས་གསོ་སྦྱོང་ཆེད་བཀོལ་མ་དངུལ་སྒོར་ཁྲི469.06བཏང་། རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་ངལ་ནུས་ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ཏེ། སྐྱེ་ཁམས་བདག་དོམ། རིག་གནས་གནས་སྐོར་ཞབས་ཞུ། དམངས་བདེའི་ཁྱིམ་ལས་སོགས་རོང་འབྲོག་པའི་དོན་དངོས་དང་འཚམ་པའི་ཁྱད་ལྡན་གསོ་སྦྱོང་འཛིན་གྲྭ་ཐེངས63སྤེལ། དབུལ་ཐར་ངལ་ནུས་དང་གནས་སྤོར་མང་ཚོགས། རོང་འབྲོག་ཁུལ་གྱི་བུད་མེད། ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱི་མི་ཐེངས3575ལ་ཁྱབ་ཡོད། “མང་ཚོགས་ཀྱིས་ཐོ་འགོད་དང་སྲིད་གཞུང་གིས་རྩིས་རྒྱག་པའི”བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱེད་པའི་གསོ་སྦྱོང་བྱེད་སྟངས་གསར་གཏོད་དང་ཁྱབ་སྤེལ་བཏང་། གསོ་སྦྱོང-ལས་ཞུགས-རྗེས་སྙེག-ཞབས་ཞུའི་སྦྲེལ་ཐག་བཙུགས་ཏེ་ངལ་རྩོལ་ནུས་ཤུགས་དེ་སྲོལ་རྒྱུན་གྱི“ཤེད་ཤུགས་འཚོང་བ”ནས་དེང་རབས་ཀྱི“ལག་རྩལ་ལ་བརྟེན་པའི”རྣམ་པར་འགྱུར་བར་སྐུལ་འདེད་བཏང་། ད་ཆ། རྩལ་ནུས་འཇོན་ཐང་ཅན་དུ་འགྱུར་བ་དང་རྩལ་ནུས་ལས་ཞུགས་ཀྱི་འདུ་ཤེས་མི་སེམས་ལ་ཟུག་པ་དང་། རོང་འབྲོག་མང་ཚོགས་མང་པོ་ཞིག་གིས་གསོ་སྦྱོང་བྱས་པ་བརྒྱུད་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ཡོད། མི་གཅིག་གསོ་སྦྱོང་བྱས་ཚེ་མི་གཅིག་ལས་ཞུགས་ཐུབ་ལ་ཁྱིམ་ཚང་གཅིག་ཕྱུག་པོར་འགྱུར་བའི་དམིགས་འབེན་འགྲུབ་ཡོད།
རྐང་ཚ་རྫོང་གིས་རོང་འབྲོག་ཁུལ་གྱི་ས་རྒྱ་ཆེ་བ་དང་སྡོད་གནས་ཁ་ཐོར་ཡིན་པ། ལས་ཞུགས་ཆ་འཕྲིན་དོ་མི་མཉམ་པའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་ལ་ཁྱབ་པའི“སྤྱི་ལེ་གཅིག་གི་ལས་ཞུགས་ཞབས་ཞུའི་འཁོར་རྒྱ”ནུས་ཤུགས་ཡོད་རྒུས་བཏོད་པ་རེད། རྒྱུན་རྣམ་ཅན་གྱི་སྒོ་ནས“དཔྱིད་རླུང་བྱ་སྤྱོད”དང་དེ་བཞིན་ཐད་གཏོང་སྣེ་ཁྲིད་ལས་གནས། གདན་ཞུའི་མཚན་ཁྲོམ་སོགས་དྲ་ལམ་དང་ཡུལ་དངོས་ཀྱི་བྱེད་སྒོ་སྤེལ་ནས་རིམ་རྩིས་བྱས་ན་རིགས་སོ་སོའི་ལས་ཞུགས་ལས་གནས་ཁྲི1.5ཡོངས་བསྒྲགས་བྱས་ཏེ་ལས་ཀ་འཚོལ་མཁན་དང་མི་བཀོལ་སྡེ་ཚན་བར་སྦྲེལ་མཐུད་སྟེགས་བུ་བསྐྲུན། ཁུལ་ཡོངས་ཀྱི་གསར་གཏོད་ཐོག་མ་ཡིན་པའི་ཆ་ནས། རྐང་ཚ་རྫོང་གིས་ཚད་གཞི་མཐོན་པོའི་སྒོ་ནས་སྡེ་ཁུལ་གྱི་ཚད་ལྡན་ཅན་གྱི“ཉིན་གླ་ཁྲོམ་ར”བསྐྲུན་པ་དང་ཐར་ཐོར་དུ་ལས་ཀ་བྱེད་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ལས་མི་སྤྱོད་པའི་དོ་དམ་ཚད་ལྡན་དུ་བཏང་ནས་ལས་ཀ་བྱེད་པ་དེ“ཐར་ཐོར་དུ་སྒུག་པ”ནས“ཕྱིར་གཏོང་སྒྲིག་འཛུགས”བར་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་བཏང་། ལས་ཞུགས་ཞབས་ཞུའི་དམངས་ཕན་རྩ་གཉིས་ཨང་རྟགས་རྒྱ་ཁྱབ་ངང་བཀོད་སྒྲིག་བྱས་ཏེ“ཨང་ཐོག་ནས་ལས་གནས་འདེམས་པ་དང་མཐེབ་གཅིག་གིས་ལས་ཀ་འཚོལ་བ། སྲིད་ཇུས་ཐད་ཀར་ཐོན་པ། ཁེ་དབང་སྲུང་སྐྱོང་དྲ་ཐོག་ཏུ་ཡོད་པ”བཅས་ཀྱི་གཞི་གཅིག་ཞབས་ཞུ་མངོན་འགྱུར་བྱས། དེ་དང་ཆབས་ཅིག་གནད་སྨིན་མཐའ་སྐྱོང་གི་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཀྱི་མཐའ་ཚད་ལ་བརྟེན་ནས་ལྟ་སྦྱོང་རྟེན་གཞི13དང“ཆར་ཟིལ་འཆར་གཞི”ཕྱོགས་གཉིས་ཀར་ཤུགས་བརྒྱབ་སྟེ་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ97སློབ་རིམ་འཕར་བ་དང་ལས་ཞུགས་བྱས་ཤིང་། དབུལ་ཐར་མང་ཚོགས8077ལས་ཞུགས་གཞན་སྒྱུར་བརྟན་པོ་ཐུབ་པ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་འགག་རྩ་སྲུང་།
རྐང་ཚ་རྫོང་གིས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་ལས་ཞུགས་ཀྱི་ལེགས་ཆར་བསྒྱུར་ནས། མཛེས་ལྗོངས་ཁུལ་གྱི་སྣེ་ཤན་པ་དང་སྐྱེ་ཁམས་བདག་སྐྱོང་། མི་རིགས་ལག་ཤེས་བཟོ་ལས། རྩྭ་ཐང་གི་ཕྱུགས་ལས་སོགས་ཁྱད་ལྡན་ཁྱབ་ཁོངས་ལ་དམིགས་ནས། སྤྱི་ཕན་རང་བཞིན་དང་ཁྲོམ་ར་ཅན་གྱི་ཁྱད་ལྡན་ལས་གནས303གསར་སྤེལ་བྱས་པ་དང་། འབྲོག་ཁྱིམ8000ལྷག་ཙམ་གྱི་མང་ཚོགས་ཐག་ཉེ་ས་ནས་ཡོང་འབབ་འཚོལ་རྒྱུར་སྐུལ་ཁྲིད་བྱས་ཡོད། དུས་མཚུངས་སུ། མཚོ་སྔོན་པོའི་གནས་སྐོར་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས། གྲོང་གསེབ་གནས་སྐོར་དང་དམངས་ཤག་དཔལ་འབྱོར། མི་རིགས་རིག་གནས་གསར་གཏོད་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། འབྲོག་པ་མང་ཚོགས་གནས་སྐོར་ཐོན་ལས་འབྲེལ་ཐག་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ལོ་ལྔའི་རིང་། ཁྱབ་ཁོངས་དེས་ཐད་ཀར་ལས་ཞུགས་མི་གྲངས140ལྷག་དང་། མཐའ་འཁོར་གྱི་མང་ཚོགས་ལས་ཞུགས་མི་གྲངས83སྐུལ་ཁྲིད་བྱས་ཤིང་། མང་ཚོགས1200ལྷག་ལ་ཕན་པ་ཐོབ། གནས་སྐོར་ཐོན་ལས་ཀྱིས་ཁྱོན་སྡོམ་ལས་ཞུགས་མི་གྲངས588གསར་སྣོན་བྱས་པ་དང་། དེའི་ནང་སྐར་རིམ་གསོལ་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ཀྱིས་འབྲོག་པ་མང་ཚོགས247ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཤིང་། གནས་སྐོར་ཐོན་ལས་ཀྱིས་ཁྱོན་སྡོམ་ཡོང་འབབ་སྒོར་དུང་ཕྱུར12.74བཏོད་ཡོད། ལག་ལེན་འདི་དག་གིས“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”གཏིང་ཟབ་པའི་ནང་དོན་གསོན་ཉམས་དོད་པོས་གསལ་བཤད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་གཉིས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་གོང་འཕེལ་གཏོང་བ་མངོན་འགྱུར་བྱུང་ལ། མཐོ་སྒང་ས་ཁུལ་གྱི་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།