གཉན་ཆེན་ཞལ་དཀར་རི་བོའི་རྟོག་འཇལ་བརྙན་མིག་ཏུ་གསའ་གཉིས་ཀྱི་སྣང་བརྙན་མཐོང་།
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྐང་ཚ་དོ་དམ་ཡན་ལག་དཔལ་དགེ་སྲུང་སྐྱོབ་ས་ཚིགས་ཀྱི་ལས་སྒྲུབ་མི་སྣས་པར་ཆས་ཚུར་བླངས་ཏེ། གཟུགས་བརྙན་རིགས་དབྱེ་གདམ་གསེས་དང་སྐྱེ་དངོས་རིགས་དབྱེ་འབྱེད་ཀྱི་བྱ་བར་སྒྲུབ་སྐབས། གཉན་ཆེན་ཞལ་དཀར་རི་བོའི་རྟོག་འཇལ་བརྙན་མིག་ས་ཚིགས་ཀྱི་དུས་སྐབས་མི་འདྲ་བའི་ཁྲོད་དུ་གསའ་ཡི་སྣང་བརྙན་ཐེངས་མང་མཐོང་བ་དང་། དེའི་ཁྲོད་ཀྱི་བརྙན་མིག་གཞན་ཞིག་ལས་གསའ་གཉིས་སྔ་རྗེས་སུ་འགྲོ་བཞིན་པའི་སྣང་བརྙན་ཞིག་ཡོད་པ་ལས་དཔལ་དགེ་ཆུ་བོའི་འབབ་རྒྱུད་དུ་གསའ་ཁྱུ་ཡོད་ཅིང་ཡུན་རིང་འཚོ་སྡོད་བྱས་ཡོད་པ་ར་སྤྲོད་ཐུབ་པར་མ་ཟད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་མཐོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་དཔྱད་དཔོག་བྱ་རྒྱུར་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་ཡང་བྱས་པ་ཡིན།

གསའ་ཡི་སྣང་བརྙན་མཐོང་བ་ལས་གཞན་ཡང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་ཤྭ་ཞིག་གི་སྣང་བརྙན་དུས་མཉམ་དུ་མཐོང་བ་དང་།ཤ་གཟན་དང་རྩྭ་གཟན་རིགས་མཉམ་གནས་ཀྱི་རྣམ་པ་མངོན་འདུག་པ་དེ་ལས་དཔལ་དགེ་ཆུ་བོའི་འབབ་རྒྱུད་དུ་ལྷན་གནས་བྱས་ཡོད་པ་དང་སྐྱེ་ཁམས་མ་ལག་སྐྱོན་བྲལ་བརྟན་པོ་ཡིན་པ་ར་སྤྲོད་བྱས་ཤིང་།མཐོ་སྒང་གི་རྩ་ཆེའི་རི་དྭགས་རིགས་ཀྱི་གནས་ཚང་སྤོ་བའི་ཡུལ་ཁམས་གལ་ཆེན་ཞིག་ཡིན་པར་མཚོན་ཡོད།

མ་འོངས་བར། རྐང་ཚ་དོ་དམ་ཡན་ལག་ཅུས་ཁོངས་གཏོགས་ས་ཁུལ་ཀྱི་རྩ་ཆེའི་སྐྱེ་དངོས་རིགས་ཀྱི་གྲངས་འབོར་དང་རྗེས་ཤུལ་རྟོག་འཇལ་དབྱེ་ཞིབ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ།སྐྱེ་དངོས་རིགས་འཚོ་སྡོད་བྱ་ཡུལ་གྱི་གཞི་གྲངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུ། དེ་དང་ཆབས་ཅིག རྟོག་འཇལ་བརྙན་མིག་གི་འཐུས་སྒོ་ཇེ་ལེགས་སུ་གཏོང་བ་དང་།སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་གཏོང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ།རྒྱུན་རྣམ་ཅན་གྱི་སྒོ་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་པ། རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ཀྱི་ཁུངས་སྣེ་ཐབས་ལམ་ཤར་གཏོང་བྱེད་པ།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ།མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལ་མུ་ནས་མུ་རུ་སྲ་བརྟན་དུ་གཏོང་རྒྱུའོ།།
