དཀོན་ལོ་གོང་མ་སྡེ་བས་ཚོད་སླེ་ཆུང་ཆུང་ལ་བརྟེན་ནས“དམངས་ཚིས་ཆེན་པོ”བསྐྲུན་
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་ཟླ་ལྔ་བར་མཐོ་སྒང་གི་ཡུལ་ཀླུང་ཀུན་ལ་གསོན་ཤུགས་ཀྱིས་གཏམས་ཤིང་བདེ་སྐྱིད་ཀྱི་ཉི་འོད་རབ་ཏུ་དྲོ།ཉེ་ལམ།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་བྱས་ནས།འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་དཔྱིད་འདེབས་འཛུགས་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ།འདེབས་འཛུགས་བྱེད་སྟངས་ལེགས་སྒྱུར་དང་བེད་མེད་ཐོན་ཁུངས་གསར་སྒྱུར་བྱེད་པ་དང་།བདེ་སྐྱིད་ཟ་ཁང་ལ་ནུས་པ་སྦྱིན་པ་བཅས་བརྒྱུད་དེ།འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་བཏང་ལ།ཕན་འབྲས་དམའ་བའི་ཐུན་མོང་གི་མ་དངུལ་ལ་སླར་ཡང་གསོན་ཤུགས་རྒྱས་སུ་བཅུག་སྟེ།གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཡོད།

བེད་མེད་རྒྱུ་ནོར་གསོན་སྒྱུར་བྱས་ནས།“གཉིད་དུ་ཡུར་བའི་ཐོན་ཁུངས”དེ“ཐོན་སྐྱེད་ཀྱི་རྒྱུ་རྐྱེན”དུ་བསྒྱུར།འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་འགྲོ་གྲོན་ཆེ་ཡང་ཕན་འབྲས་དམའ་བ་དང་།ཐོན་ཚད་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱ་ཆེད།སྡེ་བའི“ཨུ་ལྷན་གཉིས”ཀྱིས་སྡེ་བའི་གནས་ཚུལ་དངོས་ལ་གཞིགས་ནས།ཚན་རིག་དང་མཐུན་པའི་སྒོ་ནས་བསམ་བློ་གཏོང་སྟངས་བསྒྱུར་བ་དང་།“མ་དངུལ་གཏོང་འཇོག་མཐོ་ཡང་ཐོན་ཚད་དམའ་བའི”འཚོ་བཅུད་གཤེར་ཁུའི་རྣམ་པ་དེ་འགྲོ་གྲོན་ཚོད་འཛིན་བྱེད་ཐུབ་པའི་ས་ཞིང་འདེབས་འཛུགས་ཀྱི་རྣམ་པར་བསྒྱུར་བར་མ་ཟད།འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་ཐོན་སྐྱེད་དང་བདེ་སྐྱིད་ཟ་ཁང་གི་འཁོར་སྐྱོད་གཏིང་ཟབ་སྒོས་འབྲེལ་མཐུད་བྱས་ཏེ།སྔོ་ཚལ་འདེབས་འཛུགས་བྱས་ནས་བདེ་སྐྱིད་ཟ་ཁང་གི་ཉིན་རྒྱུན་འཁོར་སྐྱོད་ཀྱི་དགོས་མཁོར་འགན་སྲུང་བྱས་ལ།“བེད་མེད་རྒྱུ་ནོར་གསོན་སྒྱུར་བྱེད་པ—གཉེར་སྐྱོང་ཡོང་འབབ་ཕྱིར་སྤྲོད་པ—དམངས་ཚིས་ཞབས་ཞུ་མཐོར་འདེགས་གཏོང་བའི”ལམ་བུ་འཚོལ་ཞིབ་བྱས་ཏེ།གཉེར་སྐྱོང་འགྲོ་གྲོན་མཐོ་ཡང་ཐོན་ཚད་ཀྱི་ཕན་འབྲས་དམའ་བ་སོགས་ཀྱི་དམིགས་སུ་སེལ་བ་དང་།བེད་མེད་རྒྱུ་ནོར་ཡང་བསྐྱར་ཐུན་མོང་གི་ཐོན་སྐྱེད་གཉེར་སྐྱོང་མ་ལག་ནང་བཅུག་ནས།སྡེ་བའི་རང་གིས་རང་ལ་འགན་སྲུང་བྱེད་པའི་ནུས་པ་དུས་མཉམ་དུ་མཐོར་འདེགས་སུ་བཏང་།

རྨོ་འདེབས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ།“དངོས་སྒྲུབ་ཀྱི་གོམ་སྟབས”ཀྱིས“ལྡུམ་རའི་ལྗང་མདོག”སྐྱེད་སྲིང་བྱས།རྨོ་འདེབས་ཀྱི་འགག་རྩའི་དུས་སྐབས་སུ།སྡེ་བའི“ཨུ་ལྷན་གཉིས”ཀྱིས་རང་འགུལ་ངང་སྔོན་ལ་ཇུས་འགོད་དང་།ལས་བྱེད་པ་དང་མང་ཚོགས་ཟབ་ཞུགས་ཏེ། རྟེན་གཞིའི་འདེབས་འཛུགས་བྱ་བ་སྤེལ་ཞིང་། སོན་བཟང་ལེགས་འདེམས་དང་འདེབས་འཛུགས་སྒྲིག་ཆས་རྙིང་བ་ཉམས་གསོ་དང་སྲུང་སྐྱོང་།མྱུ་གུ་སྤོ་འཛུགས་དང་ཁེབས་གཡོགས་བརླན་སྲུང་སོགས་ཀྱི་ཐོན་སྐྱེད་གོ་རིམ་རེ་རེར་ལ་དམ་འཛིན་ནན་མོ་བྱས་པ་དང་།བརྒྱུད་རིམ་ཧྲིལ་བོའི་འདེབས་འཛུགས་ཀྱི་སྤུས་ཚད་འགག་སྒོར་དམ་སྲུང་བྱས།བདེ་སྐྱིད་ཟ་ཁང་གི་རྒྱུ་ཆའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ།སུར་པན་དང་ཀྲོ་མ་ཀྲུ།སྣུམ་ཚལ།རྗེན་ཚལ།ལྕ་ཚལ།ལ་ཕུགརྡོ་ཀུ་བ།ནུབ་ཀ་པེད་སོགས་སྣ་ཁ་མང་པོ་འདེབས་འཛུགས་བྱས།ཚོད་དཔག་བྱས་ན་ཟླ7པར།སྐོར་ཐེངས་དང་པོའི་སྔོ་ཚལ་རིམ་བཞིན་བདེ་སྐྱིད་ཟ་ཁང་དུ་མཁོ་འདོན་བྱེད་ཐུབ་པ་དང་།དེས་ལོ་རེར་བདེ་སྐྱིད་ཟ་ཁང་གིས་ཕྱི་ནས་སྔོ་ཚལ་ཉོ་སྒྲུབ་བྱེད་པའི་འགྲོ་གྲོན་སྒོར5000ཙམ་ཉུང་དུ་གཏོང་ཐུབ་ལ།སྡེ་བའི་རྒན་གསོའི་ཞབས་ཞུའི་ཡུན་རིང་འཁོར་སྐྱོད་ཀྱི་གནོན་ཤུགས་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་ཐུབ།

བྱེད་ནུས་རྒྱ་སྐྱེད་བཏང་ནས།“འདེབས་གསོ་ར་བ”ལ“རིག་གནས་ཡུལ་སྐོར”གྱི་ཁྱད་ཆོས་བསྣན།ཟ་ཁང་གི་མཁོ་སྤྲོད་འགན་ལེན་བྱེད་པའི་རྨང་གཞིའི་ཐོགདཀོན་ལོ་གོང་མ་སྡེ་བས་འདེབས་འཛུགས་གསོ་སྤེལ་རྟེན་གཞིའི་ཡུལ་སྐོར་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ།རྟེན་གཞིའི་བྱེད་ནུས་དེ་ཞིང་ལས་ཉམས་ལེན་དང་སིལ་འཐོག་དང་ལྟ་སྐོར།སློབ་སྦྱོང་འགྲེམས་སྟོན་སོགས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་དེ།སྡེ་བའི3Aརིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པའི་ཁྲོད་ཀྱི་མྱོང་རོལ་ཐོན་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།ཡུལ་སྐོར་བས་མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་ཀྱི་བརྒྱུད་རིམ་ལ་ཐད་ཀར་ཏུ་ཤེས་རྟོགས་ཐུབ་པར་བྱས་ཏེ།“ཚོད་སླེ”དེ་སྡེ་བའི་རིག་གནས་ཡུལ་སྐོར་ཐོན་ལས་འབྲེལ་ཐག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད།

“བེད་མེད་དུ་ལུས་པའི་ས་ཞིང་གསོན་སྒྱུར་བྱེད་པ+ཟ་ཁང་ལ་དམིགས་འཛུགས་ཀྱིས་མཁོ་སྤྲོད་བྱེད་པ+རིག་གནས་ཡུལ་སྐོར་གྱི་བྱེད་ནུས་འཇོག་པ”བཅས་ཀྱི་ཐབས་ལམ་བརྒྱུད་ནས།འདེབས་འཛུགས་གསོ་སྤེལ་རྟེན་གཞིས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས།འཕེལ་རྒྱས་ཀྱི་ཕན་འབྲས་བཅས་ཕྱོགས་མང་པོའི་གཅིག་གྱུར་མངོན་འགྱུར་བྱུང་ཡོད།རྗེས་ཕྱོགས་སུ།དཀོན་ལོ་གོང་མ་སྡེ་བའི་རྟེན་གཞིའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས།རྟེན་གཞིའི་གཉེར་སྐྱོང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ།“རྟེན་གཞི+ཟ་ཁང+རིག་གནས་ཡུལ་སྐོར”བཅས་ཀྱི་སྤུས་མཐོ་ཕན་འདེགས་ལ་སྐུལ་འདེད་གཏོང་རྒྱུ་རེད། །