རྐང་ཚ་རྫོང་གཉའ་གོང་མ་སྡེ་བའི་རྒྱལ་མཚན་གཞིས་ཁྱིམ་ཕྱུགས་རའི་ཐོན་ལས་ནུས་པས་ཡུལ་སྡེ་མཉམ་དུ་ཕྱུག་པོར་བསྒྱུ
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཐོན་ལས་དར་ན་ཡུལ་སྡེ་དར། མང་ཚོགས་ཕྱུག་ན་ཡུལ་སྡེ་མཛེས། ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་གཉའ་གོང་མ་སྡེ་བའི་སྤུས་ལེགས་རྩྭ་ཐང་ཕྱུགས་ལས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་མཚན་གཞིས་ཁྱིམ་ཕྱུགས་ར་འཛུགས་སྐྲུན་ལས་གཞི་དམ་འཛིན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྲོལ་རྒྱུན་ཕྱུགས་ལས་དེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། སྐྱེ་ཁམས་ཅན་གྱི་ཕྱོགས་སུ་རིམ་སྤོར་བྱས་ནས་འབྲོག་པའི་ཡོང་འབབ་འཕར་ཐབས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་འབྲོག་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།
དེ་སྔའི་གཉའ་གོང་མ་ནི་འབྲོག་ལས་རྐྱང་རྐྱང་ཡིན་ཞིང་ཁ་ཐོར་གྱིས་ཕྱུགས་འཚོ་བའི་སྡེ་བ་ཞིག་ཡིན། གསོ་སྤེལ་གྱི་སྒྲིག་བཀོད་ཐབས་ཆག་དང་ཐོན་སྐྱེད་རགས་རིམ་ཙམ་ཡིན་ལ། ཐོན་ལས་ཀྱི་ཕན་འབྲས་ཆེན་པོ་མེད་པས་མང་ཚོགས་ཀྱི་ཡོང་འབབ་ཐབས་ལམ་ཆིག་རྐྱང་ཞིག་ཡིན། འཕེལ་རྒྱས་ཀྱི་བུམ་འགག་སེལ་ཆེད་གཉའ་གོང་མ་སྡེ་བའི“ཨུ་ལྷན་གཉིས”ཀྱིས་སྡེ་བའི་གནས་ཚུལ་དངོས་ལ་གཞིགས་ནས་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་མཚན་གཞིས་ཁྱིམ་ཕྱུགས་ར་འཛུགས་སྐྲུན་ལས་གཞི་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ལས་གཞི་ལ་ཁྱོན་མ་དངུལ་སྒོར་ཁྲི120བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ450ཡོད་པའི་ཚད་ལྡན་ཅན་གྱི་ནོར་གནག་གི་དྲོད་ཁང2གསར་སྐྲུན་དང་། སྨི་གྲུ་བཞི་མ1350ཅན་གྱི་ར་བ་དང་སྨི་གྲུ་བཞི་མ200ཅན་གྱི་རྩྭ་ཁང་། སྨི་གྲུ་བཞི་མ30ཅན་གྱི་ཕྱུགས་སྨན་ཁང་དང་འཕྲུལ་དོང1བཅས་འཛུགས་སྐྲུན་བྱས་ལ། གཟན་རྩྭ་གཏུབ་གསེད་འཕྲུལ་ཆས་དང་གློག་སྒུལ་གཟན་ཆས་གཏོར་འཁོར་སོགས་དེང་རབས་ཅན་གྱི་གསོ་སྤེལ་སྒྲིག་ཆས་བཀོད་སྒྲིག་བྱས་ནས་གཟན་རྩྭ་ལས་སྣོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ། རིམས་ནད་འགོག་བཅོས། ཐོན་སྐྱེད་ལ་ཆུ་མཁོ་འདོན་བཅས་གཞི་གཅིག་ཏུ་འདུས་པའི་ཚད་ལྡན་ཅན་གྱི་གསོ་སྤེལ་མ་ལག་ཆ་ཚང་འདུས་ནས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ཡོད།

ལས་གཞི་འཛུགས་སྐྲུན་བྱས་རྗེས་ཀྱི་ཕྱུགས་ར“སྡེ་བ་ཐུན་མོང་ལ་དབང་བ་དང་ཁྱིམ་ཚང་གིས་གཉེར་སྐྱོང”དོ་དམ་རྩ་དོན་ནན་པོར་བཟུང་ནས། བརྟན་ནོར་སྡེ་བ་ཐུན་མོང་གིས་གཅིག་གྱུར་དོ་དམ་དང་། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་ཡུལ་ཚོ་སྲིད་གཞུང་གིས་ལྟ་སྐུལ་འོག་ཚད་ལྡན་འཁོར་སྐྱོད་བྱེད་བཞིན་ཡོད། ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་སྟེགས་བུས་ས་གནས་འདིའི་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་གྱིས་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད། སྡེ་མི་ཚང་མ་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཁེར་རྐྱང་གིས་གནམ་འོག་སྐྱོང་མི་ཐུབ་ཡང་མཉམ་འབྲེལ་གྱིས་འཕེལ་རྒྱས་དང་རྒྱང་དུ་བསྐྱོད་ཐུབ། གཉའ་གོང་མ་སྡེ་བས་སྲོལ་རྒྱུན་གྱི་ཁེར་རྐྱང་གཉེར་སྐྱོང་གི་བསམ་བློ་སྒྱུར་ནས། “མཉམ་ལས་ཁང+ཁྱིམ་ཚང”མཉམ་འབྲེལ་འཕེལ་རྒྱས་ཀྱི་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ། “གཙོ་ཁྲིད་ཀྱིས་སྐུལ་འདེད་དང་མང་ཚོགས་ཟབ་ཞུགས། ཐུན་མོང་གིས་ནུས་པ་འདོན་པ”བཅས་ཀྱི་འཕེལ་རྒྱས་རྣམ་པ་བསྐྲུན། རྒྱལ་མཚན་གཞིས་ཁྱིམ་ཕྱུགས་རས་གསོ་སྤེལ་ལག་རྩལ་དང་དོ་དམ་ཉམས་མྱོང་། ཚོང་རའི་ཐོན་ཁུངས་བཅས་ཀྱི་དགེ་མཚན་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོ་ཁུར་ཡོད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྩྭ་ས་དང་ངལ་རྩོལ་ནུས་ཤུགས། ཕྱུགས་ཟོག་སོགས་ཐོན་སྐྱེད་གཙོ་རྒྱུ་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་པ། སྡེ་བའི་ཐུན་མོང་གིས་དོ་དམ་དང་ལྟ་སྐུལ། ཡོང་འབབ་བགོ་བཤའ། མང་ཚོགས་ལ་ཞབས་ཞུ་སོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་མང་ཚོགས་ལ་ལོངས་སུ་སྤྱོད་དུ་བཅུག ཡོང་འབབ་འཕར་སྣོན་གྱི་ཁེ་སྤོགས་མང་ཚོགས་ཀྱི་སྟེང་དུ་གནད་འཁེལ་བར་འབབ་ཏུ་འཇུག་ཆེད། གཉའ་གོང་མ་སྡེ་བས་རྒྱུ་ནོར་གྱི་ཡོང་འབབ་དང་ལས་ཞུགས་ལས་གཉེར། མངག་ཐོའི་ཉོ་སྒྲུབ། རྩྭ་ཐང་འཁོར་རྒྱུག ལག་རྩལ་གསོ་སྦྱོང་། ཚབ་གཉེར་ཚབ་གསོ་སོགས་ཀྱི་ཕྱོགས་ནས་ཡོང་འབབ་འཕར་སྣོན་གྱི་ལམ་བུ་བཙལ་ཏེ། “བོགས་དངུལ+གླ་ཕོགས+ཁེ་སྤོགས་དངུལ+ཁེ་སྤོགས་བགོ་བྱ+རྩལ་ནུས་མཐོར་གཏོང+འབབ་འཕར་ཐ་སྐྱོང”བཅས་སྣ་མང་རང་བཞིན་གྱི་ཡོང་འབབ་འཕར་སྣོན་མ་ལག་འཚོལ་གྲུབ་བྱུང་ལ། སྤྱིར་བཏང་གི་རོང་འབྲོག་ཁྱིམ་ཚང་དང་དབུལ་ཐར་ཁྱིམ་ཚང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་བཅས་ལ་ཁེབས་པར་བྱས་ཏེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་དེ“དུས་ཐུང་རོགས་སྐྱོར”ནས“ཡུན་རིང་འབབ་འཕར”ལ་འགྱུར་བར་སྐུལ་འདེད་བཏང་།

རྒྱུ་ནོར་གྱི་ཡོང་འབབ་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། ལས་གཞིའི་རྒྱུ་ནོར་ཡོང་འབབ་དོ་དམ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། རྒྱལ་མཚན་གཞིས་ཁྱིམ་ཕྱུགས་རའི་ལོ་རེ་བཞིན་ལས་གཞིའི་རྒྱུ་ནོར་གྱི3%ལྟར་སྡེ་བའི་གཞུང་ལ་ཁེ་སྤོགས་སྒོར36000སྤྲོད་ཀྱིན་ཡོད། མ་དངུལ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་གཅིག་གྱུར་དོ་དམ་ནང་བཞག་ནས་མང་ཚོགས་འཚོགས་ཆེན་གྱིས་དམངས་གཙོའི་གྲོས་མོལ་བྱས་པ་བརྒྱུད་ནས་བེད་སྤྱོད་གཏོང་ཕྱོགས་གཏན་འཁེལ་བྱེད་པ་དང་། གཙོ་བོ་སྡེ་བའི་ནང་གི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་གཏན་བདག་སྐྱོང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར། ཐོན་ལས་རྗེས་མཐུད་མ་འཇོག་བཅས་ལ་སྤྱད་དེ་སྡེ་བའི་ཐུན་མོང་རང་ངོས་འཕེལ་རྒྱས་དང་རང་ངོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྡེ་མི་ཡོངས་ལ་ཕན་པ་ཐོབ་པར་བྱས་ཡོད། ཉེ་འཁོར་དུ་ལས་ཀར་ཞུགས་ནས་ཡོང་འབབ་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཕྱུགས་ར་འདིའི་སྔོན་ལ་རང་སྡེ་བའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བསྡུ་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པར་མ་ཟད། གཙོ་བོ་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་ཁ་ཕྱོགས་ཡོད། མིག་སྔར་ཕྱུགས་ར་འདི་ཡིས་སྡེ་མི5ཉེ་འཁོར་དུ་ལས་ཞུགས་ཐུབ་པར་བྱས་ལ། ལས་གནས་སུ་ཡོད་པའི་མི་སྣར་ཟླ་རེར་གླ་ཕོགས་སྒོར3000ཟིན་ཡོད་ལ། མང་ཚོགས་རྣམས་ལ་རང་ས་རང་ཡུལ་ནས་ལས་ཞུགས་ཀྱི་ཇབས་ལམ་མཁོ་འདོན་བྱས་ཏེ་ཡོང་འབབ་ཇེ་བརྟན་དུ་སོང་བར་མ་ཟད། ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བར་ཡང་ལྟ་རྟོག་བྱེད་ཐུབ་པས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་གི་མཐའ་ཚད་བརྟན་པོར་སྲུང་བ་བཅས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། མངགས་ཉོའི་ཉོ་སྒྲུབ་ཀྱིས་ཚོང་གཉེར་དཀའ་ངལ་སེལ་ཐབས་བྱེད་པ། འབྲོག་པ་ཁ་ཤས་ཀྱི་འོ་མའི་ཚོང་ལམ་གཏན་འཇགས་མིན་པ་དང་རིན་གོང་འཕར་ཆག་ཆེ་བ། གྱོང་གུན་གྱི་ཉེན་ཁ་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཕྱུགས་རས་དང་སྡེ་བའི་ནང་གི་འབྲོག་ཁྱིམ3ལ་ཡུན་རིང་དུ་འོ་མ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་དང་། འོ་མ་རྒྱ་མ་རེར་རིན་གོང་སྒོར8ལྟར་ཉོ་སྒྲུབ་བྱེད་བཞིན་ཡོད་ལ། ཁྱིམ་ཚང་རེ་ནས་ཉིན་རེར་འོ་མ་རྒྱ་མ50ཉོ་བཞིན་ཡོད། མངགས་ཉོའི་ཉོ་སྒྲུབ་ཀྱི་ལམ་སྲོལ་གཏན་འཇགས་བྱུང་བ་དེས་ཕྱུགས་རའི་རྒྱུ་ཆ་མཁོ་སྤྲོད་འགན་ལེན་ཐུབ་པར་མ་ཟད། འབྲོག་པའི་ཕྱིར་འཚོང་གི་སེམས་ཁྲལ་ཡང་སེལ་ཐུབ་པས་འབྲོག་པ་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མུ་མཐུད་འཕར་བར་སྐུལ་འདེད་ཐེབས་ཡོད། རྩྭ་ས་འཁོར་རྒྱུག་བྱས་ནས་ཐོན་ཁུངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རྩྭ་ས་ཁ་ཐོར་དུ་གནས་པ་དང་བེད་སྤྱོད་བྱེད་ཚད་དམའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཕྱུགས་ར་དང་ཁྱིམ་ཚང9བར་རྩྭ་ས་འཁོར་རྒྱུག་གི་གན་རྒྱ་བཞག་པ་དང་། ས་མུའུ་རེར་སྒོར70ཡི་རིན་གོང་ལྟར་རྩྭ་ས་མུའུ5600འཁོར་རྒྱུག་བྱས་ནས་གཅིག་སྡུད་ཀྱིས་གཟན་རྩྭ་འདེབས་འཛུགས་དང་ཚད་ལྡན་གྱི་ཕྱུགས་འཚོ་རྒྱུར་བཀོལ་སྤྱོད་བྱས་ཡོད། རྩྭ་ས་གཅིག་སྡུད་ཡུག་སྦྲེལ་གྱིས་བེད་སྤྱོད་བྱས་པ་བརྒྱུད། གསོ་སྤེལ་གྱི་ལས་ཆོད་དང་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་ཕྱིན་པར་མ་ཟད། འབྲོག་ཁྱིམ་ལའང་རྩྭ་ས་འཁོར་རྒྱུག་གི་ཡོང་འབབ་བརྟན་པོ་ཐོབ་ནས། སྟོང་པར་ལུས་པའི་ཐོན་ཁུངས་དེ་འབབ་འཕར་གྱི་རྒྱུ་ནོར་དུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། ལག་རྩལ་སྦྱོང་བརྡར་ལ་བརྟེན་ནས་འབྲོག་པ་གསར་པ་སྐྱེད་སྲིང་བྱས། སྒྲིག་ཆས་ཆ་ཚང་བའི་མཁྲེགས་ཆས་དང་ཚད་ལྡན་ཅན་གྱི་གསོ་སྤེལ་ཆ་རྐྱེན་ལ་བརྟེན་ནས། རྒྱལ་མཚན་གཞིས་ཁྱིམ་ཕྱུགས་ར་དེ་རྫོང་རིམ་པའི་ཕྱུགས་ལས་ལག་རྩལ་སྦྱོང་བརྡར་རྟེན་གཞིར་གཏན་འཁེལ་བྱས་ཡོད། ཕྱུགས་རས་རྒྱུན་དུ་གསོ་སྦྱོང་སློབ་ཁྲིད་དེ་གསོ་སྤེལ་ཡུལ་དངོས་སུ་སྤར་ནས། སྡེ་བ་འདི་དང་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ལ་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་དང་ཚན་རིག་དང་མཐུན་པའི་གསོ་སྤེལ། འཕྲུལ་ཆས་བཀོལ་སྤྱོད། ལྕི་བ་ཐོན་ཁུངས་ཅན་དུ་བེད་སྤྱོད་སོགས་དངོས་སྤྱོད་ལག་རྩལ་གྱི་སྦྱོང་བརྡར་རྒྱུན་རྣམ་ཅན་དུ་སྤེལ་བས། མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་གསོ་སྤེལ་ནུས་པ་ཆེ་རུ་གཏོང་བར་རམ་འདེགས་བྱས་ཏེ། རིམ་བཞིན་ལག་རྩལ་ཤེས་པ་དང་གཉེར་སྐྱོང་བྱེད་མཁས་པ། དོ་དམ་བྱེད་ཤེས་པ་བཅས་ཀྱི་ལས་རིགས་གསར་པའི་འབྲོག་པ་ཁག་གཅིག་གསོ་སྐྱོང་བྱས་ནས། འབྲོག་ཁུལ་གྱི་ཐོན་ལས་ཡུན་རིང་འཕེལ་རྒྱས་འགྲོ་བར་མི་སྣ་གསོ་སྐྱོང་བྱས། ཕྱུགས་འཚོ་སྐྱོང་གི་དཀའ་ངལ་སེལ་ནས་དམངས་ཚིས་མཐའ་ཚད་བརྟན་དུ་གཏོང་བ། སྡེ་བའི་ནང་གི་མང་ཚོགས་ཁག་གཅིག་ལ་ངལ་རྩོལ་ནུས་ཤུགས་མེད་པ་དང་རྒྱུན་དུ་ཕྱུགས་འཚོ་སྐྱོང་གི་ལས་ཀ་སྒྲུབ་མི་ཐུབ་པ་སོགས་ཀྱི་དཀའ་ངལ་དངོས་ལ་དམིགས་ནས། ཕྱུགས་རས་ནོར་གནག་འཚོ་སྐྱོང་གི་ཞབས་ཞུ་ཚབ་གཉེར་བྱས་པ་དང་དཀའ་ངལ་ཡོད་པའི་འབྲོག་ཁྱིམ4ཡི་ནོར་གནག40གཅིག་སྡུད་ཀྱིས་འཚོ་སྐྱོང་བྱས་ནས་ཉིན་རེར་ནོར་རེ་ལ་སྒོར1.4ཡི་ཚད་གཞི་ལྟར་ཡོང་འབབ་བརྩི་བཞིན་ཡོད། ཆེད་ལས་ཅན་གྱི་ཚབ་གཉེར་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གསོ་སྤེལ་ཉེན་ཁ་ཇེ་ཆུང་དུ་བཏང་བ་དང་། ངལ་རྩོལ་ནུས་ཤུགས་མེད་པ་དང་ཞན་པའི་མང་ཚོགས་ཕྱི་རུ་མ་སོང་པར་ཡོང་འབབ་འཚོལ་ཐུབ་པར་བྱས་ཏེ། སེམས་ཁུར་གྱི་ཐབས་ཇུས་བརྒྱུད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི“སྲུང་གདུགས”ཀྱི་ནུས་པ་ཐོན་ཡོད།

ཐོན་ལས་འཕེལ་རྒྱས་གཏོང་བར་དོ་དམ་བདག་སྐྱོང་བྱ་རྒྱུ་ནི་འགག་རྩ་ཡིན། གཉའ་གོང་མ་སྡེ་བས་འཛུགས་སྐྲུན་ལས་གཞི་དང་གཉེར་སྐྱོང་དོ་དམ། རྗེས་མཐུད་བདག་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དབང་འགན་གསལ་པོ་དང་ལྟ་སྐུལ་ནུས་ལྡན། འཁོར་སྐྱོད་གོ་རིམ་ལྡན་པ་བཅས་ཀྱི་ཡུན་ཕན་བདག་སྐྱོང་ལམ་སྲོལ་བཙུགས། སྡེ་བ་ཐུན་མོང་གིས་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་དུས་ལྟར་ནོར་ར་དང་ཁང་བ། འཕྲུལ་ཆས་སྒྲིག་ཆས་སོགས་གཏན་འཇགས་རྒྱུ་ནོར་ལ་སྐོར་ཞིབ་སྲུང་སྐྱོང་བྱས་ཏེ། རྒྱུ་ནོར་དོ་དམ་སྲུང་སྐྱོང་གི་ཐོ་གཞུང་བཙུགས་ནས། ལས་གཞིའི་སྒྲིག་ཆས་ཀྱིས་ཡུན་རིང་ཕན་ནུས་འདོན་པར་ཁག་ཐེག་བྱས། ཡུལ་ཚོ་སྲིད་གཞུང་གིས་ཕྱུགས་རའི་གཉེར་སྐྱོང་འཁོར་སྐྱོད་གནས་ཚུལ་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པ་དང་། གླ་ཕོགས་སྟེར་བ་དང་ཡོང་འབབ་བསྡུ་ལེན། གན་རྒྱ་ལག་བསྟར་བྱེད་པ་སོགས་ཀྱི་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱེད་པར་སྐུལ་འདེད་བཏང་། དུས་མཚུངས་སུ་ཐུན་མོང་གི་ཡོང་འབབ་བགོ་བཤའ་དང་ངལ་རྩོལ་པའི་མིང་ཐོ། མ་དངུལ་སྤྲོད་པའི་ཞིབ་ཕྲའི་གནས་ཚུལ་སོགས་སྡེ་བའི་ནང་སྤྱི་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་དངུལ་སྒོར་རེ་རེ་དང་ལས་དོན་རེ་རེ་བཞིན་དཀར་ངོགས་ནས་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས།
སྲོལ་རྒྱུན་གྱི་གསོ་སྤེལ་ནས་ཚད་ལྡན་ཅན་གྱི་གསོ་སྤེལ་བར་དང་། ཁ་ཐོར་གཉེར་སྐྱོང་ནས་མཉམ་འབྲེལ་འཕེལ་རྒྱས་བར། ཡོང་འབབ་འཕར་སྣོན་ཁོ་ན་ནས་ཁེ་ཕན་སྣ་མང་ཐོབ་པའི་བར། རྒྱལ་མཚན་གཞིས་ཁྱིམ་ཕྱུགས་རའི་འཛུགས་སྐྲུན་དང་བེད་སྤྱོད་ནི་གཡུ་དཀར་འོམ་ལུང་ཡུལ་ཚོའི་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ལག་ལེན་གསོན་པོ་ཞིག་རེད། ད་ཆ“ཕྱུགས་ར་ཆུང་ཆུང”དེས་འབྲོག་ལས་འཕེལ་རྒྱས་དང་འབྲོག་པར་འབབ་འཕར། རྩྭ་ཐང་སྔོ་འགྱུར་བཅས་ལ་སྐུལ་ཁྲིད་བྱས་པར་མ་ཟད། ས་གནས་དེ་ཡི་ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ། མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། རྗེས་ཕྱོགས་སུ། གཉའ་གོང་མ་སྡེ་བས་མུ་མཐུད་དུ་ཕྱུགས་ར་གཉེར་སྐྱོང་དོ་དམ་ལེགས་སྒྱུར་དང་། རྒྱུན་ཆད་མེད་པར་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་རྒྱ་ཆེར་གཏོང་བ། རྩྭ་ཐང་གི་ཕྱུགས་ལས་ཁྱད་ལྡན་ཐོན་ལས་ལེགས་གཉེར་དང་སྟོབས་ཆེར་གཏོང་བ། ཕྱུགས་ར་ཆུང་གྲས་ཀྱིས་ནུས་པ་ཆེན་པོ་འདོན་པར་སྐུལ་འདེད་གཏོང་བ། སྡེ་བ་ཡོངས་ཀྱི་འབྲོག་པ་རྣམས་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པར་སྣེ་ཁྲིད་བྱས་ནས། འབྲོག་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་འབད་པས་རྩོམ་དགོས།