འབྲོག་ཁུལ་གྱི་ཐོན་ལས་ནི་དར་ཞིང་རྒྱས། རྩྭ་ཐང་དུ་ཕྱུག་འགྱུར་གྱི་ལམ་བུ་སྙེག
རྩོམ་སྒྲིག་པ། སྟག་རྩེ་འབུམ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་གཞུང་གི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་རྩྭ་ཐང་ཡོངས་སུ་གོས་ལྗང་གིས་ཀླུབས་པ་དང་བསིལ་རླུང་འཇམ་པོའི་ཁྲོད་དུ་མཐོ་སྒང་འབྲོག་ཡུལ་གྱི་འཕེལ་རྒྱས་རྣམ་པ་གསར་རྐྱང་ཞིག་མངོན་བཞིན་མཆིས།ཉེ་བའི་ལོ་ཤས་རིང་རྐང་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁག་གིས་རང་ངོས་ཀྱི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ་མི་འདྲ་བའི་འབྲོག་སྡེ་ཚོ་ཧེ་བག་ལྡན་པའི་དར་རྒྱས་ཀྱི་ལམ་བུར་བསྐྱོད་དེ་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་ལས་ལས་བརྒལ་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འབབ་འཕར་ཕྱོགས་གཉིས་སུ་ཕྱོགས་ནས་འབྲོག་ཡུལ་ལ་སྐྱེ་སྟོབས་གསར་བ་ཞིག་མངོན་པར་བྱས་ཡོད།རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞ་སྡེ་བས་ཐུན་མོང་མ་ཡིན་པའི་རྩྭ་སའི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་གཏིང་ཟབ་ཏུ་བཏང་བ་དང་། རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་དེ་སྔའི“གནམ་ལ་བརྟེན་ནས་ཕྱུགས་འཚོ་བའི”སྲོལ་རྒྱུན་ཐོན་ལས་དེ“སྔོ་ལྗང་སྲུང་སྐྱོང་དང་དམངས་ཕྱུག”གི་ཁྱད་ཆོས་ཚད་ཤིང་དུ་བྱས་ནས། སྔ་རྗེས་སུ་ཞིང་ཆེན་རིམ་པའི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བ་དང་ལུག་དཀར་ཁྱུའི་དཔེ་སྟོན་སྡེ་བ། རྩྭ་ཕྱུགས་དོ་སྙོམས་ཚོད་ལྟའི་སྡེ་བ་སོགས་ཀྱི་མཚན་སྙན་ཐོབ་པས། རྐང་ཚ་རྫོང་གི་ལྗང་མདོག་ཕྱོགས་སྒྱུར་གྱི་མ་དཔེ་གསོན་པོ་ཞིག་ཏུ་གྱུར་ཡོད།སྔར་འདས་ལ་ཕྱིར་མིག་ཞིག་བལྟས་ཚེ། ཉིན་ཞ་སྡེ་བའི་འཕེལ་རྒྱས་དེ་དཀའ་གནད་ལ་འཕྲད་མྱོང་ཡོད། “སྔོན་ཆད་ཚང་མས་གསོ་སྤེལ་གྱི་གྲངས་འབོར་ལ་བལྟས་ཏེ། ཕྱུགས་འཚོ་ཚད་ལས་བརྒལ་བས། རྩྭ་ཐང་གི་རྩི་ཤིང་ལོ་རེ་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། ནོར་ལུག་གི་ལུས་ཕུང་ཞན་པ། བཤས་འཚོང་གི་ཡོང་འབབ་དམའ་བ། འབྲོག་པ་ཚོ་སྤུས་ལེགས་ཀྱི་རྩྭ་ཐང་དུ་ཡོད་ཀྱང་ཡོང་འབབ་བརྟན་པོ་ཞིག་ལེན་ཐབས་བྲལ་ཡོད” ཉིན་ཞ་སྡེ་བའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བྷོ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། རགས་ལས་ཅན་གྱི་གསོ་སྤེལ་བྱེད་སྟངས་དེས་རྩྭ་ཐང་གི་སྐྱེ་ཁམས་ལ་གནོད་སྐྱོན་ཕོག་པར་མ་ཟད། འབྲོག་པའི་འཚོ་བ་ཡང་སྔར་བཞིན་སྤུས་ཚད་མཐོ་རུ་གཏོང་དཀའ་བ་དང་ཡོང་འབབ་འཕར་དཀའ་བ་ཞིག་ཏུ་གྱུར་ཡོད།

རྩྭ་ཕྱུགས་དོ་མི་སྙོམས་པའི་དཀའ་གནད་སེལ་ཆེད། ཉིན་ཞ་སྡེ་བས་ཚན་རིག་དང་མཐུན་པའི་གསོ་སྤེལ་ཚད་ལྡན་ཅན་གྱི་སྒྱུར་བའི་ལམ་བུ་བཏོད་ཡོད། སྡེ་བས་རྩྭ་སའི་ཐེག་ནུས་གནད་ལ་འཁེལ་བའི་སྒོ་ནས་རྩིས་བརྒྱབ་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་རྩྭ་ས་མུའུ5.78ལུག་གཅིག་གི་ཐེག་ནུས་གཏན་འཁེལ་བྱས་པ། སྡེ་བ་ཡོངས་ཀྱི་དགུན་དཔྱིད་ཀྱི་རྩྭ་ས་མུའུ་ཁྲི9.54ལ་བརྟེན་ནས་ལུགས་མཐུན་ངང་ཕྱུགས་རིགས་ཤོང་ཚད་ལུག་ཁྲི1.65ཡི་ཐེག་ནུས་གཏན་འཁེལ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་གྲངས་གཞིའི་རྨང་གཞི་ཇེ་བརྟན་དུ་བཏང་བ་རེད།དེའི་རྨང་གཞིའི་སྟེང་སྡེ་བས་རྩྭ་ཐང་གི་ཐེག་ནུས་མཐོང་ཐུབ་པའི“མདོག་གསུམ་ཉེན་བརྡའི”དོ་དམ་ལམ་སྲོལ་གསར་གཏོད་བྱས་ཏེ། རྩྭ་ཕྱུགས་ལ་ཚོད་འཛིན་བྱེད་པར་ཚད་གཞི་དང་དྲོད་ཚད། འཛིན་ཆས་བཅས་ཡོད་པར་བྱས་ཡོད། རྩྭ་ཐང་ཕྱུགས་འཚོ་ཚད་ལོན་པར་རྟགས་བྱང་ལྗང་གུ་སྟེར་བ་དང་། ཕྱུགས་འཚོ་ཚད10%ལས་ཆུང་བར་རྟགས་བྱང་སེར་པོ་སྟེར་བ། སློབ་གསོ་བཏང་ཡང་མི་ཉན་པ་དང་ཐེངས3ཡན་བརྒལ་བའི་འབྲོག་པར་རྟགས་བྱང་དམར་པོ་སྟེར་བ། སྡེ་བའི“ཨུ་ལྷན་གཉིས”ཀྱིས་དུས་ཐོག་ཏུ་རྗེས་འདེད་བྱེད་པ། ཉིན15ནང་ཚུན་དུ་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྩྭ་སའི་སྟེང་གང་བྱུང་དུ་ཕྱུགས་འཚོ་བ་དང་། ཕྱུགས་འཚོ་དྲགས་པའི་གནད་དོན་རྩ་བ་ནས་མེད་པ་བཟོས་ཏེ་རྩྭ་སར་ངལ་གསོ་དང་སྐྱེ་ཁམས་སླར་གསོར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།དེ་དང་དུས་མཚུངས་སུ་གསོ་སྤེལ་ཁྱིམ་ཚང་དཔའ་སྐྱབས་རྒྱལ་དང་ཕག་མོ་དོན་འགྲུབ། བསོད་ནམས་ཚེ་བརྟན་བཅས་རང་ཡུལ་གྱི་གསོ་སྤེལ་འཇོན་མིས་མཉམ་དུ་གསོ་སྤེལ་མཉམ་ལས་ཁང་བཙུགས་ཏེ“གཅིག་གྱུར་བརྒྱད”་ཀྱི་ཚད་ལྡན་ཅན་གྱི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་གཅིག་གྱུར་གྱིས་ཨ་བྲ་མེད་པ་བཟོ་བ་དང་། ཕྱུགས་རིགས་གཏན་འཁེལ། ཁྱུ་བགོས་པ། རྒྱུད་སྤེལ་བ། གཟན་རྩྭ་ཉོ་བ། ལུ་གུ་བཙས་པ། ལུ་གུ་ནུ་ཁ་འབྲལ་བ། བཤས་གཏོང་བཅས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་བྱེད་སྟངས་ལག་བསྟར་བྱས་ནས་ཐར་ཐོར་གྱི་གསོ་ཚགས་བྱེད་སྟངས་མཇུག་སྒྲིལ།“ང་ཚོས་ད་དུང་མཚོ་སྔོན་སློབ་ཆེན་གྱི་ཕྱུགས་ལས་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ། མཐོ་སྒང་གི་གནམ་གཤིས་དང་འཚམ་པའི་ཆེད་སྤྱོད་གཟན་ཆས་གསར་སྤེལ་བྱས་པ་དང་། དུས་མཚུངས་སུ་ལུག་གུ་ཟླ་དྲུག་ལ་སླེབས་དུས་མགྱོགས་མྱུར་ངང་བཤས་གཏོང་བྱེད་པའི་ལག་རྩལ་ཁྱབ་གདལ་བཏང་སྟེ། སྲོལ་རྒྱུན་གྱི་གསོ་སྤེལ་དུས་ཡུན་གསུམ་ཆའི་གཉིས་ཇེ་ཐུང་དུ་བཏང་ནས། གསོ་སྤེལ་གྱི་ལས་ཆོད་ཆེས་ཆེར་མཐོ་རུ་བཏང་བ་དང་། ལུག་གུ་གསོན་ཚད95%བར་འཕར་ཡོད”ཅེས་ཚེ་བྷོ་ཡིས་བཤད།ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་སྲུང་སྐྱོང་དང་ཞིབ་ཚགས་གསོ་སྤེལ་བྱས་ཏེ། ཉིན་ཞ་སྡེ་བར་སྐྱེ་ཁམས་དང་ཐོན་ལས་གཉིས་མཉམ་དུ་ཡར་རྒྱས་བྱུང་ཡོད།ད་ལྟའི་རྩྭ་ཐང་གི་རྩི་ཤིང་ལོ་རེ་བཞིན་སླར་གསོ་དང་ལྗང་མདོག་ཏུ་གྱུར་པ་དང་། ལུག་དཀར་ཁྱུའི་ཐོན་ལས་གཞི་ཁྱོན་ཅན་དང་ཚོང་རྟགས་ཅན་དུ་འཕེལ་རྒྱས་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2025ལོར་སྡེ་བ་ཡོངས་ཀྱིས་སྤུས་ལེགས་ལུ་གུ5000ལྷག་བཤས་བཏང་བ་དང་། ལུག་དཀར་ཁྱུའི་ཚད་ལྡན་ཅན་གྱི་དཔེ་སྟོན་ཁྱིམ་ཚང31གསོ་སྐྱོང་བྱས་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི59ཟིན་པ་དེ2018ལོ་ལས་སྒོར་ཁྲི37.06འཕར་ཡོད།རྩྭ་ས་ལོ་རེ་བཞིན་སྔོ་ལྗང་དུ་གྱུར་པ་དང་ནོར་ལུག་ལོ་རེ་བཞིན་ཡོང་འབབ་འཕར་བ། འབྲོག་པའི་སྒོར་ཁུག་ཇེ་ཆེར་འགྲོ་བ། སྐྱེ་ཁམས་ཀྱིས་དམངས་ལ་ཕན་པའི་ཕན་འབྲས་རྒྱུན་མཐུད་ངང་གློད་འགྲོལ་བྱུང་ཡོད།ལྗང་མདོག་གིས་སྤྲོས་པའི་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞ་སྡེ་བའི་གསོ་སྤེལ་ར་བ་ནས་ཁ་གྱེས་ཏེ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སླེབས་པ་ན། ཐོན་ལས་གསུམ་པ་མཉམ་འདྲེས་དང་སྣ་མང་དར་རྒྱས་ཀྱི་གྲོང་གསེབ་ཀྱི་པར་རིས་གསར་པ་ཞིག་མིག་ལ་དལ་བུར་མངོན་འོང་།ཉིན་ཞ་སྡེ་བའི་སྐྱེ་ཁམས་གསོ་སྤེལ་གཏིང་ཟབ་དང་། ཐོན་ལས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མི་འདྲ་བར། སྡེ་བ་འདིས་ཞིང་ཕྱུགས་ཐོན་ཁུངས་ལ་བརྟེན་ནས། ལས་སྣོན་གཏིང་ཟབ་དང་ཚོང་ལམ་རྒྱ་བསྐྱེད། ལས་རྣམ་གསར་པ་དར་སྤེལ་བཅས་བྱས་ཏེ། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་རྩྭ་ཐང་ནས་བརྒལ་ཏེ་རྒྱལ་ཡོངས་སུ་སྐྱོད་ཐུབ་པར་བྱས་ཡོད།

སྔོན་ཆད་ས་གནས་འདིའི་འབྲོག་པས་འཚོ་སྐྱོང་བྱས་པའི་ནོར་ལུག་གི་ཤ་དང་ཁྱད་ཐོན་དངོས་རྫས་གཞན་དག་བར་ཚོང་པར་སྒུག་ནས་ཉོ་རུ་འཇུག་རྒྱུ་ལས་ཐབས་གཞན་མེད་པ་དང་། རྒྱུན་དུ་རིན་གོང་བཅག་ནས་འཚོང་བ་དང་ཚོང་ཟོག་འཚོང་དཀའ་བའི་དཀའ་ངལ་འཕྲད་བཞིན་ཡོད། ཕྱིར་འཚོང་གི་འགག་སྒོ་ཤར་གཏོང་ཐུབ་ཆེད། རྐང་ཚ་རྫོང་དཀོན་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ནོར་བཟང་རྒྱལ་རང་ཡུལ་དུ་གཞི་ཚུགས་ནས་ས་གནས་འདི་ཡི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་ལས་སྟེགས་ཆ་ཚང་ཞིག་བསྐྲུན་པ་རེད།“ང་ཚོས་ཁྲོམ་རའི་གོང་ལས་མཐོ་བའི་རིན་གོང་གིས་སྡེ་མིའི་ནོར་ལུག་ཤ་ཉོ་སྒྲུབ་བྱས་ཏེ། ཞིབ་བགོས་པ་དང་གཏིང་ཟབ་ལས་སྣོན། ཐུམ་སྒྲིལ་རིམ་སྤར་བཅས་བྱས་ནས། ཟི་ལིང་དང་ཁྲེན་ཏུའུ་སོགས་ཀྱི་ས་གནས་ཀྱི་ཐད་གཉེར་ཚོང་ཁང་བརྒྱུད་དེ། གདོད་མའི་སྐྱེ་ཁམས་མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་དེ་ཞིང་ཆེན་ཕྱི་ནང་གི་འཛད་སྤྱོད་པའི་ཟས་ཅོག་སྟེང་དུ་བསྐྱལ་བ་ཡིན”ཅེས་ནོར་བཟང་རྒྱལ་གྱིས་བཤད།

ཐོན་ལས་འཁོར་འབྲེལ་རྒྱུན་མཐུད་ངང་རིང་དུ་བཏང་བ་དང་གྲོང་གསེབ་ཀྱི་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། མཐོ་སྒང་གི་ནས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་དམིགས་ནས། བག་བྲོ་ཡག་ནས་བསྙལ་སྦི་རག་བཟོ་སྐྲུན་ལས་གཞི་དཀོན་ལོ་གོང་མ་སྡེ་བར་གཞིས་ཆགས། འགན་འཁུར་བ་ཧོ་ཞུན་ཕིན་གྱིས་ལག་རྩལ་ཚོགས་པའི་སྣེ་ཁྲིད་དེ་ས་གནས་འདིའི་རྒྱུ་ཆ་བེད་སྤྱོད་བྱས་ནས་ཞིབ་ཚགས་ངང་ཞིབ་འཇུག་གསར་སྤེལ་བྱས་པ་དང་། མཐོ་སྒང་གི་སྤུས་ལེགས་ནས་བསྙལ་ཁྱད་ལྡན་སྦི་རག་བཟོས་ཏེ། འབྲོག་ཁུལ་གྱི་བཟོ་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ཡོད། “ལས་གཞིའི་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ང་ཚོས་སྔོན་ལ་སྡེ་བ་འདིའི་སྡེ་མི་ཉེ་འཁོར་དུ་ལས་ཀ་བྱེད་པར་སྔོན་ལ་འཇུག་རྒྱུ་དང་། སྡེ་མི་ཚོས‘སྒོ་འགྲམ་དུ་ལས་ཞུགས་དང་སྣ་མང་ཅན་གྱི་ཡོང་འབབ་འཚོལ་ཐུབ’ཞེས་ཧོ་ཞུན་ཕིན་གྱིས་བཤད།གྲོང་གསེབ་དར་རྒྱས་གཏོང་བར་ན་གཞོན་ཚོས་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། 2002ལོར་སྐྱེས་པའི་རྡོ་རྗེ་སྒྲོལ་མ་སློབ་ཆེན་ལས་མཐར་ཕྱིན་རྗེས་རང་གི་ཕ་ཡུལ་དུ་ལོག་ནས་གཞི་རིམ་ཏུ་གཞིས་ཆགས་ཏེ་གཞི་རིམ་གྱི་གཙོ་སྒྲོན་པ་ཞིག་ཏུ་གྱུར་ཡོད། པར་ཆས་སྨྱན་སྦྱོར་དང་དྲ་རྒྱའི་ཟམ་པར་བརྟེན་ནས། རྡོ་རྗེ་སྒྲོལ་མས་གསོན་ཉམས་ལྡན་པའི་ངང་སྐམས་ཤ་དང་སྟར་ཁུ། རྐང་ཚའི་རིག་གནས་གསར་གཏོད་སོགས་ས་གནས་ཀྱི་ཁྱད་ལྡན་དངོས་ཟོག་ངོ་སྤྲོད་བྱས་ཏེ། ན་གཞོན་ཅན་དང་གོ་བདེ་ཤེས་སླའི་འགྲེལ་བཤད་བརྒྱུད་མཐོ་སྒང་གི་ཐོན་རྫས་རྣམས་དྲ་རྒྱ་ཡོངས་ལ་ཁྱབ་པར་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་ལྡན་པའི་གཞོན་ནུའི་སྟོབས་ཤུགས་བསྣན་ཡོད།

དཀོན་ལོ་གོང་མ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བདེ་ཆེན་དབང་མོས་སྡེ་བའི་འགྱུར་ལྡོག་གི་བརྒྱུད་རིམ་དངོས་སུ་མཐོང་ཡོད། “དེང་སང་དཀོན་ལོ་གོང་མ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་རིམ་འཕར་དང་ཐོན་ལས་ཀྱི་རྣམ་པ་སྣ་མང་དར་རྒྱས་བྱུང་བ། སྡེ་མིའི་ལས་ཞུགས་དང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་བ། 2025ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི227.05ལས་བརྒལ་བས། སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་རྐྱང་བ་ནས་འདེབས་འཛུགས་དང་ལས་སྣོན། གློག་རྡུལ་ཚོང་དོན། ཡང་བའི་བཟོ་ལས་བཅས་ཀྱི་ལས་རིགས་མང་པོ་མཉམ་སྤེལ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ཡིད་ཆེས་ཇེ་ཆེར་འགྲོ་བཞིན་ཡོད།”ཡུལ་ཕྱོགས་གཅིག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་གཉིས་མངོན་པར་བྱས་ཏེ། མཐོ་སྒང་འབྲོག་ཁུལ་གྱི་གསོན་ཉམས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་བྲིས་ཏེ། མཐོ་སྒང་འབྲོག་ཁུལ་གྱི་གྲོང་གསེབ་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་ལ་ལོ་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་མུས་ཡོད།