网站无障碍
མཚོ་སྔོན་རྐང་ཚས་ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།
发布时间:2026年07月07日 消息来源:


རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐང་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   མཚོ་སྔོན་རྐང་ཚས་བཅོས་སྐྱོང་བྱེད་ཐབས་དྲུག་གིས་ཞིང་བ་ལས་མིའི་ངལ་རྩོལ་གླ་ཆའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས།ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས། མཉམ་འགུལ་མཉམ་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་བསྟར་གནད་འཁེལ་རྡུང་རྡེག་གཏོང་བར་ཤུགས་སྣོན་བྱེད་པ། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། གླ་ཕོགས་འགྱངས་ཆད་ཀྱི་བྱུར་རྐྱེན་གྲལ་བཤེར་དང་ངལ་རྩོལ་གླ་ཆའི་གྱོད་གཞི་ཐག་གཅོད། ལས་མིའི་སྤྱོད་ཁུངས་ཚོད་འཛིན་བཅས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཞིང་བ་ལས་མིའི་གླ་ཕོགས་ཀྱི་བདེ་འཇགས་འགན་སྲུང་གི་སྲུང་རགས་བརྟན་པོ་ཞིག་བསྐྲུན་ཡོད།
  གོང་རིམ་ནས་གཅིག་གྱུར་འཆར་འགོད་ཀྱིས་ལས་དོན་བཀོད་སྒྲིག་བྱས་ཏེ། ས་ཁོངས་ཡོངས་སུ་མཉམ་འབྲེལ་བཅོས་སྐྱོང་གི་རྣམ་པ་བསྐྲུན།གོང་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གླ་ཕོགས་ཆད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་རྒྱུ་དེ་དམངས་ཚིས་ལས་གྲྭ་གལ་ཆེན་དང་། དམངས་སེམས་ལས་གྲྭར་བརྩིས་ནས། དམངས་ཚིས་འགན་སྲུང་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཅིང་། སྔ་རྗེས་སུ་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་དང་རྫོང་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐོག་གླ་ཕོགས་ཆད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་རྒྱུའི་གཙོ་གནད་ལས་དོན་ལ་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱས་ཡོད། ཞིང་བ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་ཕྱོགས་བསྡུས་མཐུན་སྦྱོར་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྔ་རྗེས་སུ་ལས་དོན་བཀོད་སྒྲིག་ཚོགས་འདུ་དང་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས2སོ་སོར་འཚོགས་ནས་ལས་ཀའི་གནོན་ཤུགས་རིམ་པ་རེ་རེ་བཞིན་བརྒྱུད་སྤྲོད་དང་ལས་འགན་གསལ་པོ་བཟོས་ཡོད། དེ་དང་ཆབས་ཅིག་རྫོང་ཁོངས་ཀྱི་ལས་ཞུགས་དོ་དམ་གྱི་དོན་དངོས་ལ་གཞི་ཚུགས་ནས། 《རྐང་ཚ་རྫོང་གི2026ལོའི་གླ་ཕོགས་འགྱངས་ཆད་བཅོས་སྐྱོང་ལས་དོན་གྱི་ཇུས་གཞི》དང་《རྐང་ཚ་རྫོང་གི2026ལོའི་གླ་ཕོགས་འགྱངས་ཆད་བཅོས་སྐྱོང་ལས་དོན་གྱི་འཆར་གཞི》སོགས་ཚད་ལྡན་རང་བཞིན་གྱི་ལམ་ལུགས་ཡིག་ཆ་བཞི་སྤེལ་ནས། སྡེ་ཚན་བརྒལ་བའི་རྒྱུན་རྣམ་ཅན་གྱི་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ས་ཁོངས་ཡོངས་སུ་གཅིག་གྱུར་འཆར་འགོད་དང་ལས་བགོས་ཁ་གསལ། རོགས་ལས་ལས་ཆོད་ཆེ་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་གླ་ཕོགས་ཆད་རིགས་བཅོས་སྐྱོང་བྱེད་པའི་ལས་ཀའི་མ་ལག་བཙུགས་ཏེ།  གླ་ཕོགས་ཆད་པའི་རིགས་རྩ་བ་ནས་བཅོས་པའི་ལས་དོན་ཁག་ཚད་ལྡན་ཅན་གྱིས་སྤེལ་བར་སྐུལ་འདེད་བཏང་།
   གནད་ལ་འཁེལ་བའི་ཁྲིམས་བསྟར་དང་བཅོས་སྐྱོང་ནན་མོ་བྱས་ཏེ། གླ་ཕོགས་ཆད་པའི་དཀའ་གནད་འབུར་དུ་ཐོན་པ་སེལ།རྐང་ཚ་རྫོང་གིས་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་འགུལ་རྣམ་རྩིས་ཁྲ་རྒྱབ་རྟེན་དུ་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཕོགས་ཆད་པའི་ཉེན་ཁ་ཆེ་བའི་གནད་དོན་ལ་དམིགས་ནས། དུས་མཚམས་དབྱེ་ནས་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་ལས་མིའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས3བྱས་ལ། འཛུགས་སྐྲུན་ལས་གཞི41དང་། ལས་མི་སྤྱོད་མཁན་ཀྱི་སྡེ་ཚན35བཅས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས། ཞིང་བ་ལས་མིའི་གླ་ཕོགས་ཆད་འགྱངས་དང་ཁྲིམས་འགལ་གྱིས་བྱིས་པ་ལས་བཟོ་བ་བེད་སྤྱོད་བྱེད་པ། ན་ཚོད་ལས་བརྒལ་བའི་ངལ་རྩོལ་པ་བསྡུ་རུབ་བྱེད་པ་སོགས་ཀྱི་ངལ་རྩོལ་གླ་ཕོགས་ཁྱབ་ཁོངས་ཀྱི་མངོན་གསལ་གྱི་གནད་དོན་ལ་གཙོ་གནད་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། གནད་དོན་ཁྲིད་ཕྱོགས་དང་འབེན་གཏད་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲལ་བཤེར་བྱས་པའི་གནད་དོན་ལ་རྩིས་ཁྲ་བཟོས་ནས་དུས་བཀག་ནང་སྒྲུབ་སྐུལ་བྱེད་པ་དང་མེད་པར་བཟོས། མིག་སྔའི་བར། དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བརྡ་ཐོ12བཏང་བ་དང་། ལས་རིགས་ཀྱི་ཉེན་ཁའི་དྲན་སྐུལ་ཡི་གེ6བཏང་བ། ལས་མི་བཀོལ་སྤྱོད་ཚད་ལྡན་མེད་པ་དང་གླ་ཕོགས་དུས་ཐོག་ཏུ་སྤྲོད་མི་ཐུབ་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་བཅོས་སྒྲིག་ནུས་ལྡན་བྱས་པས་ལས་མི་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་ཟང་ཟིང་བཅོས་སྒྲིག་ནུས་ལྡན་བྱུང་ཡོད།
   འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ་གླ་ཕོགས་འགན་ལེན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་།འགག་སྒོ་མདུན་དུ་སྤོ་བ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་བ་ལས་མིའི་གླ་ཕོགས་སྟེར་བའི་ལམ་ལུགས་ཁག་དྲུག་དང་ལས་གཞི་འཛུགས་སྐྲུན་གྱི་རིམ་པ་བཞིའི་མཉམ་འབྲེལ་ཞིབ་བཤེར་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་རིགས་གཙོ་གཉེར་སྡེ་ཚན་དང་ཁོངས་གཏོགས་ཡུལ་ཚོ་དང་གྲོང་རྡལ་གྱི་རྒྱུན་གཏན་ལྟ་སྐུལ་དོ་དམ་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། ཕྱོགས་ཡོངས་ནས་ལས་མིའི་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་བཟོས་ཏེ་གླ་ཕོགས་ཆད་པའི་གནད་དོན་ཐོན་རྒྱུ་སྔོན་འགོག་བྱས་ཡོད། མིག་སྔའི་བར་རྐང་ཚ་རྫོང་གིས་ཁེ་ལས21གི་ལས་མི་བཀོལ་སྤྱོད་ཀྱི་ཐོ་འགོད་ལེགས་སྒྲུབ་བྱས་པ་དང་། ཞིང་བ་ལས་མིའི་གླ་ཕོགས་ཀྱི་ཁག་ཐེག་དངུལ་སྒོར་ཁྲི1497.95བསྡུས་ནས་གླ་ཕོགས་སྟེར་བའི་འགན་ལེན་མ་དངུལ་གྱི་སྲུང་རགས་ཇེ་བརྟན་དུ་བཏང་ཡོད། དུས་མཚུངས་སུ་ངལ་རྩོལ་གླ་ཆའི་རྩོད་གཞི་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱས་ཏེ་རིམ་རྩིས་བྱས་ན་གླ་ཕོགས་ཆད་པའི་གྱོད་གཞི34ཐག་གཅོད་བྱས་པ་དང་། ངལ་རྩོལ་པ142ལ་ཕན་པ་ཐོབ། འགྱངས་ཆད་བྱས་པའི་གླ་ཕོགས་སྒོར་ཁྲི199.2ཚུར་བླངས་པ་བཅས་བྱས་ནས་ཞིང་བ་ལས་མིའི་ཁྲིམས་མཐུན་ངལ་རྩོལ་གྱི་ཐོབ་ཆའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
   ཞིབ་ཚགས་ཀྱིས་དོ་དམ་བྱས་ཏེ་རྩིས་ཁྲ་བཟོས་པ་དང་། ལས་བཟོ་བའི་དོ་དམ་ཚད་ལྡན་གྱི་ཆུ་ཚད་མཐོ་རུ་བཏང་།ལས་མི་བཀོལ་སྤྱོད་དོ་དམ་ཚད་ལྡན་ཅན་འཛུགས་སྐྲུན་ལ་དམིགས་ནས། ངལ་རྩོལ་གན་རྒྱ་འཇོག་པ་དང་ངལ་རྩོལ་པར་དངོས་མིང་འགོད་པའི་དོ་དམ། ཞིང་བ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཁྲའི་དོ་དམ་སོགས་ལྟེ་བའི་རྩིས་ཁྲ་རིགས་བདུན་དམ་འཛིན་བྱས་ཏེ། ཞིབ་ཐོ་ཅན་དང་འགུལ་རྣམ་ཅན་གྱི་དོ་དམ་བྱེད་སྟངས་ཞིབ་ཕྲ་བཟོས་ནས། ལས་མི་བཀོལ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་གྱི་གནད་ལ་འཁེལ་ཚད་མཐོ་རུ་བཏང་ཡོད། མིག་སྔར། རྐང་ཚ་རྫོང་གི་སྐྲུན་བཞིན་པའི་ལས་གཞི་ཡོད་ཚད་ཀྱིས་ལས་མི་བཀོལ་སྤྱོད་ཀྱི་རྩིས་ཁྲ་རིགས་བདུན་ཚད་ལྡན་ངང་འཐུས་ཚང་དུ་བཏང་ཟིན་པ་དང་། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་འགུལ་རྣམ་གསར་བརྗེ་བྱས་ཏེ། ལས་མི་བཀོལ་སྤྱོད་ཀྱི་དོ་དམ་ཚད་གཞི་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། རྐང་ཚ་རྫོང་གི་ལས་རིགས་གཙོ་གཉེར་སྡེ་ཁག15དང་མཉམ་འགུལ་བྱས་ཏེ། གླ་ཕོགས“ཟླ་རེར་རྩིས་རེ་རྒྱག་པའི”ལམ་ལུགས་དེ་སྐྲུན་བཞིན་པའི་ལས་གཞི41གིས་ཡོངས་སུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་གཙོ་གནད་ལས་གཞི་ལ་དམ་པོར་དམིགས་ནས་འཛུགས་སྐྲུན་སྡེ་ཁག་དང་། སྤྱིའི་འགན་ལེན་སྡེ་ཁག ཁག་བགོས་འགན་ལེན་སྡེ་ཁག་བཅས་ཀྱི་ཕྱོགས་སོ་སོའི་གླ་ཕོགས་སྟེར་བའི་འགན་འཁྲི་གཙོ་བོ་འཁུར་བ་དང་། ལས་མི་བཀོལ་སྤྱོད་ཀྱི་འགུལ་རྣམ་ཉེན་བརྡའི་ལམ་སྲོལ་ལ་བརྟེན་ནས་ལས་མི་བཀོལ་སྤྱོད་ཀྱི་བྱུར་རྐྱེན་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཐེ་ཞུགས། སྔ་མོ་ནས་སེལ་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་ངོས་ནས་གླ་ཕོགས་བརྟན་པོ་དང་གླ་ཕོགས་སྲུང་སྐྱོང་གི་སྲུང་རགས་བརྟན་པོ་བཙུགས་ཡོད།
     ཁྲིམས་ལུགས་ཁྱབ་གདལ་གྱི་སྐོང་འདོམས་དེ་རྒྱུན་རྣམ་ཅན་དུ་བསྒྱུར་ཏེ། ཁེ་ལས་ལ་ཁྲིམས་མཐུན་ངང་ལས་མི་བཀོལ་སྤྱོད་བྱེད་པར་ཁྲིད་སྟོན་བྱས། “སྐོང་འདོམས་ཉེན་བརྡ+ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག”ཕྱོགས་གཉིས་ནས་ཤུགས་སྣོན་བརྒྱབ་སྟེ། རྒྱུན་རྣམ་ཅན་གྱི་ལས་སྤྱོད་བྱེད་པོའི་བྱ་སྤྱོད་ཚད་ལྡན་དུ་བཏང་། གླ་ཕོགས་ཆད་འགྱངས་ཀྱི་ཉེན་ཁ་ཡོད་པ་དང་། ལས་གཉེར་བྱེད་སྟངས་ཚད་ལྡན་མིན་པའི་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ལ་དམིགས་ནས། འབེན་གཏད་ཆེད་དོན་སྐོང་འདོམས་བྱས་ཏེ། གྱོད་དཔེས་ཁྲིམས་འགྲེལ་དང་། གྱོད་དཔེས་ཉེན་བརྡ་གཏོང་བའི་ཐབས་ལམ་བརྒྱུད་དེ། ལས་སྤྱོད་བྱེད་པོས་རང་བཤེར་རང་བཅོས་དང་འཕྲལ་བསྟུན་འཕྲལ་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ནས། ངལ་རྩོལ་གླ་ཕོགས་ཁྱབ་ཁོངས་ཀྱི་འབྱུང་ཉེན་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས། ལས་གཞི་དོ་དམ་མི་སྣའི་ནུས་པ་མཐོར་འདེགས་གཏོང་བའི་དགོས་མཁོར་གནད་འཁེལ་གྱིས་དམིགས་ཏེ། ངལ་རྩོལ་གླ་ཕོགས་ཐོ་འགོད་དང་གླ་ཕོགས་འགན་སྲུང་སྲིད་ཇུས་ཆེད་དོན་གསོ་སྦྱོང་ཐེངས2སྒྲིག་འཛུགས་བྱས་པ་དང་། ལས་གཞི་ཡུལ་དངོས་ཀྱི་དོ་དམ་མི་སྣ100ལྷག་ལ་ཁྱབ་པར་བྱས་ཏེ། གཞི་རིམ་གྱི་ངལ་རྩོལ་གླ་ཕོགས་དོ་དམ་དང་། གླ་ཕོགས་འགན་སྲུང་ལས་སྒོའི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས། དྲ་ལམ་དང་ཡུལ་དངོས་ཡོངས་སུ་ཁྲིམས་ལུགས་ཁྱབ་གདལ་མ་ལག་འཛུགས་སྐྲུན་བྱས་ཏེ། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས<<ཞིང་བ་ལས་མིའི་གླ་ཕོགས་སྤྲོད་རྒྱུ་འགན་ལེན་བྱེད་པའི་སྲོལ་ཡིག>>གི་ནང་དོན་གཙོ་བོ་བཀྲམ་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་དཔྱད་ཡིག་དཔར་བ་དང་ཨར་ལས་ལས་ཡུལ་ཁག་ཏུ་སོང་ནས་ཡུལ་དངོས་སུ་ཁྲིམས་ལུགས་ཁྱབ་སྤེལ་སྒྲོག་འགྲེལ་ཐེངས14སྤེལ་ཏེ་ལས་མི་སྤྱོད་མཁན་ཁེ་ལས་ཀྱི་ཁྲིམས་སྲུང་འདུ་ཤེས་དང་ཞིང་བ་ལས་མིའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཇེ་མཐོར་བཏང་།ཞབས་ཞུ་ལེགས་སྒྱུར་གྱིས་དམངས་ཀྱི་དཀའ་ངལ་སེལ། བློ་རྩེ་གཅིག་གིས་མི་དམངས་ཀྱི་དོན་དངོས་བསྒྲུབས། ཞིང་བ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་སྟབས་བདེའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་སྲིད་དོན་འཕྲིན་ཕྲན་སྤྱི་དམངས་ཀྱི་སྟེགས་བུ་བརྒྱུད་རྒྱུན་རྣམ་ཅན་གྱི་སྒོ་ནས་གླ་ཕོགས་ཆད་པའི་ཁེ་དབང་སྲུང་སྐྱོང་གི་ཁུངས་སྣེ་བསྡུ་ལེན་བྱེད་པའི་ཐབས་ལམ་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་དང་རྙོག་འཛིང་ཆེ་བའི་གླ་ཕོགས་ཆད་པའི་གནད་དོན་ལ་དམིགས་ནས་སྡེ་ཁག་མང་པོའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་མཉམ་འབྲེལ་ཐོག་ངོ་བཅར་དང་ལེན་དང་། ལས་རིགས་ཆེད་དོན་ངོ་བཅར་དང་ལེན་བཅས་བྱས་ཏེ་འབྲེལ་ཡོད་ཁེ་ལས་དང་རང་འགུལ་ངང་འབྲེལ་གཏུག་བྱས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་བྱས་ལ། འགྱངས་ཆད་བྱས་པའི་གླ་ཕོགས་ཚང་མ་སྟེར་རྒྱུར་སྐུལ་འདེད་བཏང་ནས་འགྱངས་ཆད་བྱས་པའི་གླ་ཕོགས་ཀྱི་གྱོད་གཞི་མང་པོ་ཞིག་ནུས་ཆེའི་ངང་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ནན་མོ་བྱས། དོན་དངོས་དང་མཐུན་པའི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་བྱེད་ཐབས་རབ་དང་རིམ་པས་དམངས་ཚིས་འགན་ལེན་དོན་འཁྱོལ་བྱས་པས། ངལ་རྩོལ་བ་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ལ། མང་ཚོགས་ཀྱི་དངོས་ཡོད་གདེང་འཇོག་ལ་བརྟེན་ནས་གླ་ཆ་འགྱངས་ཆད་ཀྱི་རྩ་བ་བཅོས་པའི་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་བྱས་ཡོད།