རྐང་ཚ་རྫོང་གི་འབྲེལ་འདྲིས་འདྲེས་གསུམ་གྱི་བྱེད་སྒོ་དང་ཞིང་ལས་གནས་སྐོར་ཚོང་དོན་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྐང་ཚ་རྫོང་ཨུ་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་། ཧྲན་ཏུང་མཚོ་སྔོན་རོགས་སྐྱོར་དོ་དམ་ཚན་ཆུང་བཅས་ཀྱི་སྣེ་ཁྲིད་འོག རྫོང་ཞིང་ཕྱུགས་དང་རིག་གནས་གནས་སྐོར། འཕེལ་སྒྱུར་སོགས་སྡེ་ཁག་གིས་རྫོང་ཁོངས་ནང་གི་ཞིང་ཕྱུགས་དང་རིག་གནས་གནས་སྐོར་གྱི་ཁེ་ལས་དང་གསར་དར་གཉེར་སྐྱོང་གཙོ་གཞི་རྩ་འཛུགས་བྱས་ཏེ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ“ཡུལ་དངོས་ལྟ་སྦྱོང་བྱས་ཏེ་བར་ཁྱད་འཚོལ་བ་དང་བརྗེ་རེས་མཉམ་ལས་བྱས་ཏེ་འཕེལ་རྒྱས་གཏོང”ཞེས་པ་བརྗོད་དོན་ཡིན་པའི་འབྲེལ་འདྲིས་འདྲེས་གསུམ་གྱི་བྱེད་སྒོ་དང་ཞིང་ཕྱུགས་ལུས་རྩལ་རིག་གནས་གནས་སྐོར་དང་ཚོང་དོན་འོས་སྦྱོར་ཚོགས་འདུ་འཚོགས།

ཐེངས་འདིའི་བྱེད་སྒོས་ཁྱབ་ཁོངས་མང་པོའི་འབྲེལ་འདྲིས་འདྲེས་གསུམ་ལ་བརྟེན་ནས། རྐང་ཚ་རྫོང་གི་ཞིང་ཕྱུགས་ལུས་རྩལ་རིག་གནས་གནས་སྐོར་དང་ཚོང་དོན་གཏིང་ཟབ་མཉམ་འདྲེས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས། ཁྱད་ལྡན་རིག་གནས་གནས་སྐོར་ཐོན་ཁུངས་བཅས་ཀྱི་ལེགས་ཆ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་མཉམ་ལས་དང་ཐོན་སྐྱེད་ཕྱིར་འཚོང་འབྲེལ་མཐུད་ཀྱི་ལམ་བུ་རྒྱ་བསྐྱེད་བཏང་། ཝུ་ལུའུ་མུ་ཆི་གྲོང་ཁྱེར་གྱི་ཞིང་ལས་གྲོང་གསེབ་ཅུ་དང་རང་སྐྱོང་ལྗོངས་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འབྲེལ་ཡོད་མགོ་ཁྲིད། ཁ་གཏད་རོགས་སྐྱོར་སྡེ་ཚན་གྱི་འཐུས་མི། ཤིན་ཅང་ཞིང་ལས་གནས་སྐོར་གྱི་འཐུས་ཚབ་ཁེ་ལས་ཀྱི་ལས་གཉེར་བ་བཅས་ཡུལ་དངོས་སུ་འཛོམས་ཏེ། ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་གྲོས་བསྡུར་དང་ཚོང་དོན་མཉམ་ལས་ཀྱི་གོ་སྐབས་རྒྱ་བསྐྱེད་བཏང་།

ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་དང་མཉམ་ལས་གན་རྒྱ་འཇོག་པའི་ལྷུ་ཚིགས་དེ་ཐེངས་འདིའི་བྱེད་སྒོའི་གཙོ་གནད་དུ་གྱུར་ཡོད། དུས་མགོའི་གནད་འཁེལ་འབྲེལ་མཐུད་གྲོས་མོལ་བརྒྱུད། ཡུལ་དངོས་སུ་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཡུན་རིང་མཁོ་འཚོང་དང་། རིག་གནས་གནས་སྐོར་ལམ་ཐིག་མཉམ་འབྲེལ་སྒོས་གཉེར་སྐྱོང་། ཚོང་འགུག་མ་འདྲེན་བྱེད་པ་སོགས་ཀྱི་མཉམ་ལས་གྲོས་མཐུན3བཞག་པ་དང་། དུས་མཚུངས་སུ་རྐང་ཚའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱི་རོལ་འགྲེམ་སྟོན་སྒེའུ་ཁུང་འཛུགས་པ་དང་། ས་གནས་གཉིས་ཀྱི་རིག་གནས་གནས་སྐོར་ཕན་ཚུན་སྐུལ་འདེད། འཛད་སྤྱོད་རོགས་སྐྱོར་ཡུན་རིང་ལམ་སྲོལ་སོགས་ཀྱི་ཐུན་མོང་ངོས་འཛིན་བྱུང་ནས། དུས་ཐུང་གི་དྲིལ་སྒྲོག་དེ་ཡུན་རིང་གི་བརྟན་འཇགས་ཐོན་ལས་མཉམ་འགུལ་དུ་བསྒྱུར་བར་སྐུལ་འདེད་བྱས།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཤིན་ཅང་དང་མཉམ་ལས་གཏིང་ཟབ་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན། རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ས་ཁུལ་བརྒལ་བའི་ཐོན་ལས་འབྲེལ་མཐུད་དང་མི་རིགས་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་དང་མཚོ་སྐོར་སྐྱེ་ཁམས་གནས་སྐོར་སོགས་གཙོ་ཁྲིད་ཐོན་ལས་མུ་མཐུད་དུ་སྟོབས་ཆེར་གཏོང་བ་དང་། ཐོན་སྐྱེད་དང་ཕྱིར་འཚོང་འཁོར་རྒྱུག་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཐོན་ལས་འབྲེལ་ཐག་རིང་དུ་གཏོང་བ། རིན་ཐང་འབྲེལ་ཐག་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ་ཡིན།