网站无障碍
མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་བཅུ་གཅིག་པ་རྐང་ཚ་རྫོང་ནས་གཟབ་རྒྱས་ངང་འཚོགས།
发布时间:2026年07月22日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

   ཟླ7པའི་ཚེས19ཉིན། སྤྱི་ལོ2026ལོའི་ཀྲུང་གོམཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་བཅུ་གཅིག་པ་རྐང་ཚ་རྫོང་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས། འགྲན་སྡུར་དེ་ཟླ7པའི་ཚེས23བར་རྒྱུན་མཐུད་སྒོས་སྤེལ་རྒྱུ་ཡིན་ལ། འཛམ་གླིང་གི་མདའ་རྩལ་པ་རྣམས་ཀྱིས་མཚོ་སྔོན་པོའི་ངོགས་སུ་མཆོག་དཀར་གཞུ་ཡི་གཞུ་རྒྱུད་འཐེན་ནས་སྐྱེན་པོའི་མདའ་ཡི་རྩལ་དྲུག་ངོམ་རྒྱུ་རེད།

  ཐེངས་འདིའི་འགྲན་སྡུར་ནི་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་སྟོན་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ། བྷང་ག་ལ་རྒྱལ་ཁབ་དང་ཀི་རི་སི་ཐན་རྒྱལ་ཁབ། མོ་རོ་ཁོ་རྒྱལ་ཁབ། ཕ་ཁི་སི་ཐན་རྒྱལ་ཁབ། ཨུ་རུ་སུ་སོགས་རྒྱལ་ཁབ9དང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་རུ་ཁག88བཅས་མདའ་པ་སྟོང་ཕྲག་ལྷག་མཚོ་འཕགས་སྨི3300ཡན་གྱི་མཚོ་སྔོན་པོའི་འགྲམ་ངོགས་སུ་འཛོམས་ཏེ། མཚོ་ངོགས་བོད་མཁར་རྐང་ཚ། གཡང་མདའི་ངོ་མཚར་ལྟད་མོ་ཞེས་པ་བརྗོད་དོན་དུ་བྱས་ནས་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཆེན་པོ་འདིར་ཞུགས།

  རྐང་ཚར་མདའ་འཕེན་གྱི་ཁོར་ཡུག་བཟང་བོ་ཡོད་ལ། མི་ཀུན་གྱིས་མདའ་འཕེན་པའི་སྲོལ་རྒྱུན་བཟང་བོ་ཡོད། སྤྱི་ལོ2023ལོ་ནས་བཟུང་རྐང་ཚས་རྒྱལ་སྤྱིའི་མདའ་འཕེན་འགྲན་སྡུར་བསྟུད་མར་ཐེངས་བཞི་ལ་བསྡུས་པས། འཛམ་གླིང་ཡོངས་ལ་མཚོ་སྔོན་པོའི་མཛེས་པ་དང་བོད་མཁར་གྱི་མཛའ་བརྩེ་ཚོར་དུ་བཅུག་ཡོད། བྱེད་སྒོའི་ཤིས་ཚིག་ནང་འགྲན་སྡུར་སྐབས་སུ་གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་། བོད་ཀྱི་དམངས་སྲོལ་ཉམས་ལེན་སོགས་བྱེད་སྒོ་མཉམ་དུ་སྤེལ་ནས། ཞིང་ཕྱུགས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར། ཁམས་གསོ་བཅས་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་བཏང་སྟེ། འགྲན་སྡུར་གྱི“བཞུར་ཚད”དེ་རིག་གནས་ཡུལ་སྐོར་གྱི“སྤུས་ཚད”དང་དཔལ་འབྱོར་གྱི“འཕར་ཚད”དུ་བསྒྱུར་དགོས་ཞེས་བསྟན་ཡོད། འགྲན་ཞུགས་པ་དང་ཡུལ་སྐོར་བ་རྣམས་ད་དུང་མཚོ་སྔོན་གསེར་ཉའི་ཁྱིམ་གཞིས་སུ་ཕྱིན་ཏེ། “ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡིན་པའི་ཚེ་སྲོག་གི་ངོ་མཚར་ལ་གཟིགས་སྐོར་གནང་ཆོག་པར་མ་ཟད། ལྷ་ཆབ་ཁུག་ཏུ་ཞོགས་པའི་སྨུག་པ་འཁྲིགས་པར་མྱོང་རོལ་བྱས་ནས་མཚོ་སྔོན་པོའི་རྒྱ་ཁྱོན་མིག་གིས་འཇལ་ཆོག

   མགོ་ཚུགས་མཛད་སྒོ་དེར་རྩྭ་ཐང་གི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། འགྲན་ཞུགས་རུ་ཁག་ཚང་མ་རྟ་པས་སྣེ་ཁྲིད་ནས་འགྲན་རར་འཛུལ་བ་རེད། ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པས་ཡུལ་སྲོལ་མི་འདྲ་བའི་མདའ་རྩལ་སྣ་ཚོགས་བསྟན་པར་མ་ཟད། ནང་སོག་རང་སྐྱོང་ལྗོངས་དང་པེ་ཅིང་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཆིང་ཧྭ་སློབ་ཆེན་སོགས་ཞིང་ཆེན་ཕྱི་རོལ་གྱི་འཐུས་ཚབ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འཐུས་ཚབ་ཚོགས་པ་རྣམས་ཀྱིས་རིམ་པ་བཞིན་འཁྲབ་སྟོན་བྱས་ཤིང་། མི་རིགས་སོ་སོའི་མདའ་པ་ཚོས་གྱོན་ཆས་ཡག་པོ་སྤྲས་ཏེ་མི་རྟ་ཕན་ཚུན་འདྲེས་པར་བྱས་ལ། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་མཛའ་མཐུན་ངང་སྤེལ་བའི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས།

  ཤེས་གསལ་ལྟར་ན། ཐེངས་འདིའི་འགྲན་སྡུར་གྱིས་ཆེད་ལས་རང་བཞིན་དང་མང་ཚོགས་ཞུགས་ཚད་གཉིས་ཀར་དོ་སྣང་བྱས་ཤིང་། འགྲན་ཞུགས་མཁན་གྱི་ལོ་ཚོད་ནི་ལོ10ནས60བར་ཁྱབ་ཡོད་ལ། བྱིས་པ་དང་ན་གཞོན། གཞོན་ནུ། དར་མ་བཅས་ཀྱི་འགྲན་སྡུར་སྡེ་ཚན་ཆེན་པོ་བརྒྱད་བཙུགས་ཡོད། དེའི་ནང་རྭ་གཞུ་དང་སྲོལ་རྒྱུན་གྱི་གཞུ། ལྕགས་གཞུ་འཁོར་ལོ་མ། གཞུ་ལེབ་སོགས་རིགས་སྣ་ཚོགས་འདུས་པ་དང་། འགྲན་སྡུར་ལམ་ལུགས་གསར་གཏོད་ཀྱིས“མཐའ་འབྱེད་དམག་འཐབ་དང་རྩེ་མོའི་འཐབ་རྩོད”ཅེས་པའི་རྣམ་པ་སྤྱད་ཅིང་། ན་གཞོན་ཚོགས་པའི་བྱ་དགའ་དང་གཞོན་ནུ་ལོ་ཆུང་གི་ཆེད་སྤྱོད་ཚན་པ་གསར་དུ་བསྣན་ཞིང་། ཕྱི་རོལ་གྱི་མང་ཚོགས་མདའ་འཕེན་ཉམས་ལེན་ཁུལ་ཡང་ཡོད་པས་མྱོང་རོལ་སྣ་ཚོགས་མཉམ་འདུས་བྱས་ཡོད།