མཚོ་སྔོན་རྐང་ཚའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གསོ་སྐྱོང་བྱེད་བཞིན་པའི་སྒང་རེད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

དབྱར་གཞུང་གི་དུས་སུ་སླེབས་དུས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་འཁྱིལ་ཆུ་དང་འོམ་ཆུ་སོགས་ཆུ་རྒྱུན་གྱི་ནང་དུ་མཚོ་སྔོན་པོའི་གསེར་ཉ་ཁྲི་སྟོང་མང་པོ་རྒྱན་བཟློག་བྱས་ཏེ་རྐྱལ་བཞིན་ཡོད། ལྡོག་རྐྱལ་བྱེད་བཞིན་པའི་ཉ་ཚོགས་ནི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་གསོན་ཉམས་ལྡན་པའི་ཚེ་སྲོག་གི་མཛེས་ལྗོངས་ཤིག་ཅི་ལ་མིན།
"ཅི་འདྲའི་གསེར་ཉ་མང་པོ་ཞིག་ལྡོག་རྐྱལ་བྱེད་བཞིན་ཡོད་ཨང་། ཆུ་རྒྱུན་དང་བསྡོངས་ནས་ཉ་མོ་འབད་པ་ཆེན་པོས་ལྡོག་རྐྱལ་བྱས་ནས་འགྲོ་བར་བལྟས་ན་ཚོར་བ་ཡ་མཚན་ཞིག་རེད། "ཡུལ་སྐོར་པ་ཞིག་གིས་རྐང་ཚ་རྫོང་མཚོ་འཁྱིལ་གསེར་ཉ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཅི་མི་སྙམ་པར་དེ་ལྟར་ངག་ལས་ཤོར།

མཚོ་སྔོན་པོའི་གསེར་ཉའི་ཕལ་མིང་ལ་ཙོང་ཉ་ཟེར། མཚོ་སྔོན་པོ་གཅིག་པུར་ཡོད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཧ་ཅང་དཀོན་པའི་ཉ་རིགས་ཤིག་ཡིན། མཐོ་སྒང་གི་གྲང་ངར་བཟོད་ལ་ཚྭ་མཐོ་འགོག་པའི་ཁྱད་ཆོས་ལྡན། མཚོ་སྔོན་པོའི"ཆུ—རྩྭ—ཉ—བྱ—རི་དྭགས"བཅས་ཀྱི་སྐྱེ་ཁམས་སྦྲེལ་ཐག་སྐྱོང་བའི་གནད་འགག་གི་སྐྱེ་དངོས་རིགས་ཤིག་ཡིན། མཚོ་སྔོན་པོའི་ཚྭ་མང་བ་དང་བུལ་མང་བའི་ཆུའི་སྤུས་ཚད་ཀྱི་ཁོར་ཡུག་ཁྲོད་ཉ་སྒོང་རང་ཤུགས་སུ་སྐྱེ་འཕེལ་བྱེད་ཐབས་བྲལ་བས། ལོ་རེའི་ཟླ5བ་ནས8པའི་བར་སྐྱེ་སྟོབས་རྒྱས་པའི་གསེར་ཉ་མཉམ་དུ་མཚོ་སྔོན་པོ་ནས་ཁ་བྲལ་ཏེ་མཚོ་འཁྱིལ་ཆུ་བོ་དང་འོམ་ཆུ་སོགས་བརྒྱུད་མཚེའུ་ཡི་ཚྭ་མེད་ཆུའི་ཆུ་ལམ་དུ་ཆུ་བོ་གྱེན་ལྡོག་བྱས་ནས་སྟོད་རྒྱུད་ཀྱི་ཆུ་ཁོངས་སུ་ཉ་སྒོང་གཏོང་བ་དང་སྐྱེ་འཕེལ་བྱས་ཏེ་རིགས་རྒྱུད་ཀྱི་ཚེ་སྲོག་རྒྱུན་བསྲིང་གིན་ཡོད།

སྔོན་ཆད་ཉ་འཛིན་མང་དྲག་པ་དང་ཆུ་རྒྱུན་དུ་ཆུ་དཀོན་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཉུང་དུ་ཕྱིན་པ་དང་རིགས་རྒྱུད་སྟོངས་ལ་ཉེ་བས་འབབ་རྒྱུད་ཀྱི་སྐྱེ་ཁམས་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད། དམིགས་བསལ་གྱི་རྩ་ཆེའི་དངོས་རིགས་སྲུང་སྐྱོང་དང་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་ལོ་བཅུ་ཕྲག་ཁ་ཤས་རིང་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལས་དོན་སྤེལ་བས། ད་ཆ་མཚོ་སྔོན་པོའི་གསེར་ཉའི་ཁྱུ་ཚོགས་དར་རྒྱས་ཆེ་བ་དང་ལོ་ལྟར་ཕྱིར་ལོག་བྱས་པས"ལྡོག་རྒོལ་བསྐྱར་གསོན"མངོན་འགྱུར་བྱུང་སྟེ2002ལོའི་གསེར་ཉ་ཏུན་ཁྲི0.26ནས་མིག་སྔའི་ཏུན་ཁྲི13.35བར་ཇེ་མང་དུ་སོང་ཡོད།
གསེར་ཉ་ལྡོག་རྐྱལ་དེ་ས་གནས་འདིའི་རང་བྱུང་མཛེས་ལྗོངས་ཤིག་ཏུ་གྱུར་ཏེ་རིག་གནས་ཡུལ་སྐོར་ལས་རིགས་དུས་བབ་དང་བསྟུན་ནས་འཕེལ་རྒྱས་བྱུང་སྟེ། ས་གནས་འདིའི་མང་ཚོགས་ལ"སྐྱེ་ཁམས་ཀྱི་ཁེ་སྤོགས"ལོངས་སུ་སྤྱོད་ཐུབ་ཡོད། གསེར་ཉ་ལྡོག་རྐྱལ་གྱིIPཁྱབ་འགྱེད་སྐུལ་ཁྲིད་ལ་བརྟེན་ནས། མཚོ་འཁྱིལ་ཡུལ་ཚོ་ཆུ་སོ་མ་སྡེ་བའི་སྡེ་མིས་མཛེས་ལྗོངས་ཁུལ་གྱི་ཉ་གཟིགས་སྟེགས་བུའི་ཚོང་ཟོག་འཚོང་ས་དང་ཁྱད་ལྡན་ཤིང་ཁང་ཆུང་ཆུང་བོགས་མར་བླངས་པ་བརྒྱུད། མཐོ་སྒང་གི་ཁྱད་ལྡན་བཟའ་བཏུང་དང་བོད་བཟོའི་རིག་གནས་གསར་གཏོད་ཐོན་རྫས་དང་ས་གནས་འདིའི་ཁྱད་ལྡན་ཐོན་རྫས་སོགས་གཉེར་སྐྱོང་བྱས་ཏེ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཡོང་བར་བྱས། ཉ་དང་བྱ་ཇེ་མང་དུ་སོང་བ་དང་ཡུལ་སྐོར་བ་ཡང་རིམ་བཞིན་ཇེ་མང་དུ་སོང་ཡོད་པས། ང་ཚོའི་ཅ་ལག་འཚོང་རྒྱུའི་སེམས་ཁྲལ་མེད་ལ་ཉེ་འགྲམ་གྱི་བཟའ་བཏུང་དང་ཞག་སྡོད་ཀྱང་འཕེལ་རྒྱས་བྱུང་ཡོད"ཅེས་སྡེ་མི་ཀུའོ་ཡུང་ཀྲུང་གིས་བཤད། ཁོ་རང་གིས་མཛེས་ལྗོངས་ཁུལ་དུ་ཚོང་སྟེགས་ཁ་ཤས་གླས་ནས་བཟོ་རྩལ་ཐོན་རྫས་བཙོངས་པས་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་ཡོང་འབབ་སྒོར1000ཡས་མས་ཡོང་གི་ཡོད།

ལོ་རེའི་ཉ་གཟིགས་དུས་ཚིགས་ཀྱི་འགྲུལ་རྒྱུན་འབོར་ཆེན་གྱིས་རྐང་ཚ་རྫོང་གི་བཟའ་བཏུང་དང་ཞག་སྡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་སོགས་འབྲེལ་ཡོད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་ཁྲིད་བྱས་པས"སྐྱེ་ཁམས་སྲུང་སྐྱོབ་ཀྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་གསོ་སྐྱོང་བྱེད་པ་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱིས་གྲོང་གསེབ་ཀྱི་དམངས་ཚིས་ལ་རོགས་སྐྱོར་བྱེད་པའི"འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། མཚོ་སྔོན་པོའི་བྱང་ངོགས་ཀྱི་ལྷ་ཆབ་ཁུགས་སྐྱེ་ཁམས་མྱོང་རོལ་ཁུལ་ལ"མཚོ་སྔོན་པོ་བྲག་རི་དང་པོ"ཞེས་པའི་མཚན་སྙན་ཡོད། ད་ལྟ་ནི་མཚོ་སྔོན་པོའི་འབབ་རྒྱུད་དུ་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། "གསེར་ཉ་ནི་མཚོ་སྔོན་པོའི'ཆུ-ཉ-བྱ'ཡི་སྐྱེ་ཁམས་སྦྲེལ་ཐག་ཁྲོད་ཧ་ཅང་གལ་ཆེ་བའི་ཆ་ཤས་ཤིག་ཡིན། གལ་ཏེ་སྐྱེ་ཁམས་སྦྲེལ་ཐག་འདི་གཏོར་བརླག་བཏང་ཚེ། དེ་ནི་མཚོ་སྔོན་པོའི་སྔོ་ལྗང་རི་ཀླུང་མེད་བཟོས་པ་རེད།" ཅེས་ལྷ་ཆབ་ཁུགས་སྐྱེ་ཁམས་མྱོང་རོལ་ཁུལ་གྱི་འགན་འཁུར་མི་སྣ་པའོ་ཞུའེ་ཚའེ་ཡིས་དེ་ལྟར་བཤད་བྱུང་། ལྷ་ཆབ་ཁུགས་ཀྱིས་མཚོ་སྔོན་པོའི་གསེར་ཉ་དང་ཆུ་བྱ་མགོ་སེར། སོ་བྱ། ངང་དཀར། གེ་སར་རྟ་རྫི་སོགས་སྲོག་ཆགས་མང་པོ་གསོ་སྐྱོང་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་ཆ་ཚང་བར་མཚོན་ཡོད། དུས་ཚིགས་བཞིའི་མཛེས་ལྗོངས་ཁྱད་པར་ཅན་གྱི་དགེ་མཚན་ལ་བརྟེན་ནས། ཡུལ་སྐོར་ས་ཁུལ་འདི་མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་ཁམས་ཉམས་ལེན་བྱ་ཡུལ་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། ལོ་ཧྲིལ་པོར་ལྟ་སྐོར་བྱེད་ཆོག་པ་དང་དུས་ཚིགས་བཞི་བོ་བཟང་། དབྱར་ཁར་མཚོ་སྔོན་པོ་སྲོལ་རྒྱུན་མཚོ་མཆོད་བྱེད་སྒོ་ནང་ཞུགས་ཐུབ་པ་དང་གསེར་ཉ་ལྡོག་རྐྱལ་བྱེད་པ་དང་ཆུ་དང་འདབ་ཆགས་མཉམ་དུ་གནས་པའི་ལྟད་མོ་ཆེན་པོ་མཐོང་ཐུབ། དགུན་ཁར་ངང་དཀར་གྱིས་དགུན་བསྐྱལ་བའི་ངོ་མཚར་ལྟད་མོ་མཐོང་ཐུབ་ལ། མཚོ་སྔོན་པོའི་དར་སྔོན་དང་མཐོ་སྒང་གི་ཉི་རྩེ་ལ་པར་ལེན་སའི་གནས་མཆོག་ཞིག་ཡིན། 2023ལོར་སྒོ་ཕྱེས་པ་ནས་བཟུང་། ལྷ་ཆབ་ཁུགས་སྐྱེ་ཁམས་མྱོང་རོལ་ཁུལ་གྱིས་སྐྱེ་ཁམས་མཛེས་ལྗོངས་སྤུས་ལེགས་དང་རིག་གནས་ཡུལ་སྐོར་ལས་རིགས་ཁྱད་པར་ཅན་ལ་བརྟེན་ནས། སྤུས་ཚད་མཐོ་ཞིང་འཕེལ་རྒྱས་མགྱོགས་པའི་གྲུབ་འབྲས་མངོན་གསལ་བླངས་ཡོད། སྤྱི་ལོ2025ལོའི་ཟླ7པའི་བར་དུ། ལྗོངས་ཁུལ་འདི་ཡིས་ཁྱོན་བསྡོམས་འགྲུལ་པ་མི་ཐེངས་ཁྲི63.31སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་ཁྲི་ཚོ1841.8ཟིན་ཡོད།

མཛེས་ལྗོངས་ཁུལ་གྱིས་ས་གནས་འདིའི་སྡེ་མིར་ཁོར་ཡུག་གཙང་སྤྲ་དང་བདེ་སྲུང་། ཁ་ལོ་བ། སྤ་སེ་འཚོང་མཁན། ཇ་མ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་ནས་སྡེ་མི་ཚོར་ཡུན་རིང་ཞིང་བརྟན་པའི་ཡོང་འབབ་ཐོབ་པར་བྱས། སྡེ་མི་ཚོས་རང་འགུལ་ངང་གཉེར་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བླ་ལྷག་བྱས་པ་དང་རང་ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱིས་ཡུལ་སྐོར་གྱི་འགྲུལ་པ་མང་དུ་འགྲོ་བའི་ལེགས་ཆ་སྤྱད་དེ། རྟ་དང་གཡག་ཞོན་པའི་ཉམས་ལེན་དང་མཚོ་འགྲམ་ཚོང་ཁང་ཆུང་ཆུང་། ཤིང་ཁང་མགྲོན་ཁང་བཅས་ཁྱད་ལྡན་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་སྟེ། རང་ཡུལ་གྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐུབ་པ་དང་རིག་གནས་ཡུལ་སྐོར་དམངས་ཕྱུག་གི་ཕན་འབྲས་བཟང་པོ་ཐོན་ཡོད།
མཚོ་སྔོན་གསེར་ཉ་སྟོངས་ལ་ཉེ་བའི་ཉེན་ཁ་ནས་ཁྱུ་ཚོགས་ལྡོག་རྐྱལ་གྱི་བར་དང་། ཐོན་ཁུངས་ཞན་པ་ནས་ཐོན་ལས་དར་རྒྱས་ཆེ་བའི་བར། རྐང་ཚ་རྫོང་གིས་ལོ་ངོ་བཅུ་ཕྲག་རིང་འབད་བརྩོན་ལྷོད་མེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཕན་ཚུན་གཞོགས་འདེགས་བྱས་ཤིང་ནུས་པ་གཉིས་ལྡན་གྱིས་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་རྒྱལ་སྤྱིའི་ཡིད་དབང་འཕྲོག་ནུས་ཡོད་པའི་སྐྱེ་ཁམས་ཡུལ་སྐོར་གྱི་མིང་བྱང་གསར་པ་ཞིག་བསྐྲུན་པར་རམ་འདེགས་བྱས།།