- མཚོ་བྱང་ཁུལ་རྐང་ཚ་རྫོང་གི2026ལོའི་ལེའོ་ཁྲེང་གི་དགེ་རྒན་གྲགས་ཅན་གྱིས་སློབ་གྲྭར་སློབ་ཁྲིད་བྱེད་པའི་བྱེད་སྒོ་ལེགས་འགྲུབ་བྱུང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྒྱལ་ཁབ་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་སློབ་གསོ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྫོང་ཁོངས་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག ཟླ7པའི་ཚེས13ནས15ཉིན་བར་དུ། རྐང་ཚ་རྫོང་གི་སྤྱི་ལོ2026ལོའི་ལེའོ་ཁྲེང་དགེ་རྒན་གྲགས་ཅན་གྱིས་སློབ་ཁྲིད་བྱེད་པའི་བྱེད་སྒོ་དེ་འོམ་ཆུ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དུ་བདེ་བླག་ངང་སྤེལ། ལེའོ་ཁྲེང་གྲོང་ཁྱེར་གྱི་ཧྲན་ཏུང་དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན། དེ་བཞིན་ཕུལ་བྱུང་ཞིབ་འཇུག་པ་རྣམས་ཀྱིས་རི་ཆུ་སྟོང་ཕྲག་མང་པོ་བརྒལ་ཏེ། རྐང་ཚ་རྫོང་གི་དགེ་རྒན་ལས་བཟོ་མི་སྣ400ལྷག་ལ་བསམ་བློ་གསར་པ་ལག་ལེན་དངོས་འབེབས་ཐུབ་པ་དང་ནུས་པ་སྤྲོད་ཐུབ་པའི་སློབ་གསོའི་སྐྱེས་ཆེན་ཞིག་ཕུལ་བ་རེད། བྱེད་སྒོ་འདི་ནི་ཆེད་དོན་འཆད་ཁྲིད་དང་ཚན་ཁག་སོ་སོར་གྲོས་བསྡུར་བྱེད་པ། གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ཕྱོགས་ཡོངས་ནས་དགེ་རྒན་ཚོའི་ཆེད་ལས་བྱང་ཚད་བརྟན་པོ་བཟོ་བ་དང་། ས་གནས་གཉིས་དབར་གྱི་སློབ་གསོའི་མཛའ་བརྩེ་ཟབ་ཏུ་གཏོང་བ། རྐང་ཚའི་སློབ་གསོ་སྤུས་ཚད་མཐོ་བ་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན།

ལེ་དབར་སྟོང་ལས་བརྒལ་བའི་སློབ་ཁྲིད་ཀྱིས་འགན་འཁྲི་མཚོན་ལ། ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་ཀྱིས་ལེའུ་གསར་པ་བརྩམས། བྱེད་སྒོ་འདི་གཟབ་རྒྱས་ཀྱི་མཛད་སྒོ་དང་འཛིན་གྲྭ་མགི་འཛུགས་ཁྲོད་འགོ་ཚུགས། ལེའོ་ཁྲེང་གྲོང་ཁྱེར་སློབ་གསོ་ཅུའི་སྤྱི་ཁྱབ་ལྟ་སྐུལ་བ་ཀྲུའུ་ཁྲེན་རན་དང་། རྐང་ཚ་རྫོང་གི་སློབ་གསོའི་ཅུ་ཡི་ཅུའུ་ཀྲང་གཞོན་པ་དུང་ཟིན་རྒྱལ། མཚོ་སྔོན་རོགས་སྐྱོར་གྱི་ཅུ་ཀྲང་གཞོན་པ་ཀྲོའུ་ཙུང་ཆོན་སོགས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་དང་། ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་ཀྱི་བརྩེ་སེམས་ཟབ་མོ་དྲན་གསོ་གནང་ཞིང་། སློབ་ཁྲིད་སྐྱེལ་བ་དང་གསོ་སྦྱོང་བྱེད་པའི་ལས་འགན་དང་དམིགས་ཡུལ་གསལ་བཤད་བྱས། ཅུ་ཀྲང་གཞོན་པ་དུང་ཟིན་རྒྱལ་གྱིས་ལེའོ་ཁྲེང་ཆེད་མཁས་པ་ཚོགས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། བྱེད་སྒོ་འདིས“རྐང་ཚའི་དགོས་མཁོ་ལྟར་ཧྲན་ཏུང་གིས་ནུས་པ་འདོན་སྤེལ་བྱེད་པ”ཞེས་པའི་རྩ་དོན་གཞིར་བཟུང་ནས། ས་ཁུལ་ཡོངས་ཀྱི་སློབ་གསོའི་དཀའ་ངལ་གཙོ་བོ་རྣམས་ལ་དམིགས་པ་གཏད་པ་རེད། ཅུ་ཀྲང་གཞོན་པ་ཀྲོའུ་ཙུང་ཆོན་གྱིས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སློབ་གསོའི་ཞན་ཆ་དབྱེ་ཞིབ་བྱས་ཏེ། སློབ་སྦྱོང་གི་འགན་འཁྲི་དང་བསྒྱུར་བཅོས་ཀྱི་བླང་བྱ་གསལ་པོ་བཟོས་ཤིང་། སྦྱོང་བརྡར་ནང་ཞུགས་མཁན་དགེ་རྒན་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་སྦྱངས་པ་ལག་ལེན་དུ་འཁྱོལ་བར་སྐུལ་མ་བཏང་།
ཕྱོགས་མང་ནུས་པ་འདོན་སྤེལ་གྱིས་དཀའ་ངལ་སེལ་ཞིང་། ཆེད་ལས་ཀྱི་ལམ་སྟོན་ལ་བརྟེན་ནས་འཚར་ལོངས་ཡོང་བར་བྱས། ཐེངས་འདིའི་གསོ་སྦྱོང་ནི“ཆེད་ལས་སྤུས་ཚད་མཐོར་འདེགས་དང་ཀུན་སྤྱོད་གསོ་སྐྱོང་སེམས་གསོ་བྱེད་པ”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ནས། ནང་དོན་ཇུས་འགོད་གཞི་རིམ་སློབ་ཁྲིད་ཀྱི་དོན་དངོས་ལ་དམ་པོར་འབྲེལ་ཞིང་དགེ་རྒན་འཚར་ལོངས་ཡོང་བའི་དགོས་མཁོ་ཐད་ཀར་དུ་དམིགས་ཡོད། ཚན་རིག་ཞིབ་འཇུག་དང་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་སུ། ཆེད་མཁས་པ་ཆིའུ་ཙི་ཧྭ་ཡིས《ཚན་ཞིབ་ལས་གཞི་དང་རྨང་གཞིའི་སློབ་གསོའི་གྲུབ་འབྲས་ཕྱོགས་སྡོམ》ཞེས་པའི་བརྗོད་གཞི་གཞིར་བཟུང་ནས་དགེ་རྒན་རྣམས་ཀྱིས་ཚན་རིག་ཞིབ་འཇུག་གི་དཀའ་ངལ་སེལ་བར་ཐབས་ལམ་མཁོ་སྤྲོད་བྱས་པ་དང་། དགེ་རྒན་ཝང་ཡུས་ཁྲུན་གྱིས《AIཆ་འཕྲིན་ལག་རྩལ་སློབ་ཁྲིད་བཀོལ་སྤྱོད་བྱེད་སྟངས་དངོས་སྦྱོང》བརྒྱུད་དེ་རིག་ནུས་ལག་ཆ་དངོས་སུ་བསྟན་ཏེ་ལག་རྩལ་ཞན་སའི་གནད་དོན་ཐག་གཅོད་བྱས་ཤིང་། ཆ་འཕྲིན་ལག་རྩལ་དང་སློབ་ཚན་ཟུང་འབྲེལ་དམ་ཟབ་ཏུ་བཏང་། སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོ་མཉམ་འདྲེས་ཐད་དུ། དགེ་རྒན་སུན་ཧྲུའུ་ཅིང་གིས《བསླབ་ཚན་ནང་ཀུན་སྤྱོད་འདྲེས་པ་དང་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང》ཞེས་པར་བརྟེན་ནས་ཀུན་སྤྱོད་སློབ་གསོ་སྤེལ་ཐབས་མ་ལག་ཚང་བར་འགྲེལ་བཤད་གནང་བར་མ་ཟད། སེམས་ཁམས་བདེ་ཐང་སྐོར་ལའང་ཁྲིད་སྟོན་གནང་སྟེ་དོ་དམ་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་། དགེ་རྒན་ཝང་ཝུན་ཧུའེ་ཡིས《རང་འགུལ་དྲི་བ་འདོན་པ་དང་རྒྱུགས་འབྲས་རྗེས་སུ་གནས་ཚུལ་དབྱེ་ཞིབ་བྱེད་པ》ལས“སློབ་ཁྲིད-སློབ་སྦྱོང-དཔྱད་འཇོག”གཅིག་གྱུར་དཀའ་གནད་སེལ། དགེ་རྒན་ཀྲང་ཧྥང་ཀང་གིས་སློབ་དེབ་གསར་བ་གཞིར་བཟུང་ནས་ཕན་ནུས་ཆེ་བའི་སློབ་ཁྲིད་འཛུགས་སྐྲུན་བྱེད་ཐབས་བསྐྱར་བཟོ་ཐུབ་པ་ཞིག་མཁོ་འདོན་བྱས། ཆེད་མཁས་རྣམ་པས་འཆད་ཁྲིད་གནང་བ་དེར་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་དྲོད་ཁོལ་ཡང་ལྡན་པས། ཟབ་སྦྱོང་ལ་ཞུགས་མཁན་དགེ་རྒན་ཚོས་གོ་རྒྱུ་ཡོད་ལ་བེད་སྤྱོད་ཆེན་པོ་འདུག་ཅེས་བསྔགས་བརྗོད་ཚད་མེད་བྱེད་བཞིན་མཆིས།
སློབ་རིམ་སོ་སོར་ཐབས་ཇུས་གནད་འཁེལ་བ་དང་། འབེན་གཏད་ནུས་ཤུགས་ཡོད་རྒུས་ཁྱབ་པར་བྱས། བྱེད་སྒོ་གསར་གཏོད་ཀྱིས“སློབ་ཚན་དབྱེ་བ་དང་ལས་གནས་དབྱེ་བ། སློབ་རིམ་དབྱེ་བ”བཅས་ཀྱི་འཛིན་གྲྭ་ཆུང་གྲས་སློབ་ཁྲིད་བྱེད་སྟངས་སྤྱད་དེ། གནད་ལ་འཁེལ་ཞིང་ཡུན་གྱིས་སློབ་པ་མངོན་འགྱུར་བྱུང་ལ། ནང་དོན་ཡོངས་རྫོགས་ལ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་པར་མ་ཟད། ལག་ལེན་གྱི་གསོན་ཉམས་ཀྱང་ལྡན་པ་རེད། ལས་བྱེད་པ་དོ་དམ་གྱི་ཆེད་དོན་སྐབས་སུ། སློབ་གཙོ་སུན་ཏན་པིན་གྱིས་སློབ་སྤྱིས་སློབ་གྲྭ་ཞིབ་ཚགས་ཅན་དུ་བསྒྱུར་ཐབས་སྐོར་འཆད་ཁྲིད་གནང་བ་དང་། སློབ་གཙོ་ཆིའུ་ཧྥེང་ཁྲུན་གྱིས་སློབ་གྲྭ་ཡོངས་ཀྱི་འཛིན་བདག་རྣམས་དང་མཉམ་དུ་སློབ་མ་སྐྱོང་བའི་ཤེས་རབ་གྲོས་བསྡུར་གནང་། རིག་ཚན་སློབ་ཁྲིད་ཀྱི་སྐབས་སུ། དགེ་རྒན་ཚེ་རིང་བཀྲ་ཤིས་ཀྱིས་བོད་སྐད་ཡིག་གི་དགེ་རྒན་ཚོར་སློབ་དེབ་གསར་པ་དང་ཐབས་ལམ་ནུས་པ་ཆེན་པོ་འགྲེལ་བཤད་བརྒྱབ། ཁྲིད་ཞིབ་པ་ཞུས་ཡིང་གིསམརྫས་འགྱུར་སྐྱེ་དངོས་རིག་པའི་དགེ་རྒན་ཚོར་འབྲིང་རྒྱུགས་གྲ་སྒྲིག་གི་ཐབས་ཤེས་བཏོན། དགེ་རྒན་ཏོའུ་ལུང་ཅང་གིས་རྒྱ་ཡིག་རྩིས་རིག་དབྱིན་ཡིག་གསུམ་གྱི་ལས་བྱ་སྤུས་ཚད་མཐོར་འདེགས་གཏོང་བའི་ཉམས་མྱོང་མཉམ་སྤྱོད་བྱས། དགེ་རྒན་ཀྲང་ལི་ཡིས་མཛེས་རྩལ་སློབ་གསོ་གསར་གཏོད་ཀྱི་བསམ་བློ་ངོ་སྤྲོད་བྱས། ཚན་ཁག་སོ་སོར་བགྲོ་གླེང་བྱེད་སྐབས། དགེ་རྒན་ཚོས་ཧུར་ཐག་གིས་དྲི་བ་བཏོན་ནས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱུང་བ་དེས་བསམ་བློ་ལ་འགྱུར་བ་བྱུང་། སློབ་དཔོན་གྲགས་ཅན་ལས་དོན་ཁང་གི་གྲུབ་འབྲས་སྙན་སེང་ཞུ་བའི་སྐབས་སུ། རྐང་འཛིན་དགེ་རྒན་ཚོས་ལག་ལེན་དངོས་ཀྱི་ཕན་འབྲས་མངོན་པར་བསྟན་ཏེ། ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་འོག་འཚར་ལོངས་ལ་འགྱུར་ལྡོག་བྱུང་བ་མཚོན་པར་བྱས།
སྒྲིག་ཁྲིམས་དམ་སྲུང་གིས་ཕན་འབྲས་འགན་ལེན་དང་། ངོས་འཛིན་གཅིག་མཐུན་གྱིས་འཕོ་འགྱུར་ལ་སྐུལ་འདེད་བཏང་། བྱེད་སྒོ་སྤེལ་བའི་རིང་ལ་སྦྱོང་བརྡར་ནང་ཞུགས་མཁན་དགེ་རྒན་ཡོངས་ཀྱིས་སྒྲིག་ཁྲིམས་ནན་སྲུང་དང་། བརྒྱུད་རིམ་ཧྲིལ་པོར་བློ་རྩེ་གཅིག་སྒྲིམ་གྱིས་ཞུགས་ཤིང་གྲོས་བསྡུར་ཧུར་ཐག་བྱས་ཏེ། རྐང་ཚ་སློབ་གསོའི་མི་སྣའི“ཤེས་བྱ་སྐོམ་པའི་ཆུ་ལྟར་འཚོལ་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན”གྱི་བསམ་བློའི་རྣམ་པ་མངོན་པར་བྱས། དགེ་རྒན་རྣམས་ཀྱིས“ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་སྟེ། ཤེས་རབ་སློབ་ཁྲིད་དང་རིག་ཚན་ཀུན་སྤྱོད། དྲི་བ་ཞིབ་འཇུག་སོགས་ཀྱི་ཞན་ཆ་གསབ་པར་མ་ཟད། སློབ་མ་གསོ་སྐྱོང་གི་མཐོང་རྒྱ་ཡང་ཆེ་རུ་ཕྱིན་སོང”ཞེས་མགྲིན་གཅིག་ཏུ་བརྗོད། རྫོང་སློབ་གསོ་ཅུ་ཡིས་ཀྱང་བྱ་རིམ་དོ་དམ་ཤུགས་ཆེར་བཏང་ནས། རྫོང་དང་སློབ་གྲྭ་རིམ་པ་གཉིས་ཀྱི་མིང་ཐོ་འགོད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་འགན་ལེན་བྱས། བྱེད་སྒོ་མཇུག་སྒྲིལ་སྐབས། སློབ་གྲྭ་སོ་སོས་རྗེས་ཕྱོགས་ཀྱི་འཆར་གཞི་གསལ་པོ་བཟོས་པ་ནི། གསོ་སྦྱོང་གི་གྲུབ་འབྲས་མ་ལག་ཚང་བར་ཕྱོགས་བསྡོམས་བྱེད་པ་དང་། ཉམས་མྱོང་སྔོན་ཐོན་དག་ཉིན་རྒྱུན་གྱི་སློབ་ཁྲིད་དང་ས་གནས་རང་བཞིན་གྱི་སློབ་ཚན་ཞིབ་འཇུག དེ་བཞིན་བསམ་བློ་སྦྱོང་བ་ལག་ལེན་གསུམ་ཟུང་འབྲེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
ཧྲན་ཏུང་དང་མཚོ་སྔོན་གྱིས་མཉམ་དུ་འབད་བརྩོན་བྱེད། སློབ་གསོའི་རོགས་སྐྱོར་མུ་མཐུད་ནས་ལེའུ་གསར་བ་རྩོམ། ཐེངས་འདིའི་སློབ་ཁྲིད་དང་སྦྱོང་བརྡར་གྱི་བྱེད་སྒོ་ནི་ཧྲན་ཏུང་དང་མཚོ་སྔོན་སློབ་གསོའི་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན། ལེའོ་ཁྲེང་གི་ཆེད་མཁས་ཚོགས་པས“བུམ་པ་གང་བྱོའི་ཚུལ”གྱིས་ལྷག་བསམ་རྣམ་དག་གིས་འགན་འཁུར་ཏེ། རྐང་ཚའི་དགེ་རྒན་རྣམས་ལ་སློབ་སྦྱོང་གི་སྟེགས་བུ་ཞིག་བསྐྲུན་ནས་ས་གནས་གཉིས་ཀྱི་སློབ་གསོ་ཐོན་ཁུངས་ཕན་ཚུན་ཁ་གསབ་དང་ལྟ་བ་ཕན་ཚུན་དཔྱད་བསྡུར། ཉམས་མྱོང་མཉམ་སྤྱོད་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། བྱེད་སྒོ་འདིས་དགེ་རྒན་དཔུང་ཁག་སྲ་བརྟན་དུ་བཏང་བར་མ་ཟད། རྒྱུན་ལྡརྣམ་ཅན་གྱི་ཞིབ་འཇུག་མཉམ་ལས་འབྲེལ་ཐག་བརྟན་པོ་བཙུགས་པས། རྐང་ཚའི་སློབ་གྲྭ་ཡར་རྒྱས་གཏོང་བ་དང་ནང་དོན་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
མ་འོངས་པར་རྐང་ཚ་རྫོང་གིས་མུ་མཐུད་དུ་ལེའོ་ཁྲེང་དང་སློབ་གསོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གསོ་སྦྱོང་གི་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་བྱེད་པ་དང་བསྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། མཐོ་སྒང་གི་སློབ་གསོ་གསར་བའི་ལེའུ་གསར་པ་རྩོམ་རྒྱུ་རེད། རི་ཆུ་རྒྱང་ཐག་རིང་ཡང་མཛའ་བརྩེ་ཟབ་ལ། ཧྲན་ཏུང་དང་མཚོ་སྔོན་གཉིས་སེམས་པ་གཅིག་ཏུ་སྒྲིལ་ནས་མཉམ་དུ་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ——ལེ་དབར་སྟོང་ལས་བརྒལ་བའི་སློབ་གསོའི་རོགས་སྐྱོར་འདིས་རྐང་ཚའི་སློབ་གསོའི“སྐལ་བཟང་མེ་ཏོག”དེ་མཐུན་སྒྲིལ་གྱི་རྣོལ་ཞིང་སྟེང་དུ་སྔར་ལས་ལྷག་པའི་མཛེས་ཉམས་ཀྱིས་བཞད་དུ་འཇུག་དགོས།