མཚོ་སྔོན་པོའི་འགྲམ་ངོགས་ནས་ཚེ་སྲོག་གི་ངོ་མཚར་ལ་མྱོང་རོལ་བྱེད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“སྤགས་སེ——”
གསེར་ཉ་རེ་རེའི་རྔ་སྒྲོ་གཡོབ་བཞིན་ཆུ་ངོས་སུ་མཆོང་ལྡིང་བྱེད་གིན་ཡོད། ཉི་འོད་གསེར་ཉའི་རྒྱབ་ལ་ཕོགས་ཚེ་གསེར་མ་ཀྱུག་ཀྱུག་གི་སྒལ་རས་མངོན་ནས་འཁྱུག་རྩལ་ངོམ་བཞིན་འདུག ཆུའི་ཟེགས་མ་མཁའ་ལ་འཕྱོ་བས་དེ་ནི་འོམ་ཆུའི་རྒྱང་རིང་ནས་ཡོང་བའི་སྐུ་མགྲོན་རྣམས་འབོད་པ་གཉིས་སུ་མ་མཆིས། ཟླ7པའི་ཚེས22ཉིན། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་དུས་རབས་སུ་བསྐྱོད་པའི2026ལོའི་དྲིལ་བསྒྲགས་བྱེད་སྒོའི་བཅར་འདྲི་ཚོགས་པ་འཁོར་བཅས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བསྐྱོད། འོམ་ཆུའི་མཛེས་ལྗོངས་ཁུལ་གསེར་ཉའི་ཁྱིམ་དུ་སླེབས་མ་ཐག་ཚང་མས་སྐད་སྒྲ་དེའི་ནང་གོམ་པ་སྤོ་མཚམས་བཞག།

“མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་དཀོན་ཞིང་རྩ་ཆེ་བའི་སྐྱེ་དངོས་རིགས་དེ་མཚོ་སྔོན་པོའི་གསེར་ཉ་ཡིན་ལ། ཕལ་མིང་ལ་ཙོང་ཉའང་ཟེར། ལོ་རེའི་ཟླ་ལྔ་པའི་ཚེས་ལྔའི་དུས་ཆེན་ནས་བརྒྱད་པའི་བཅོ་ལྔའི་དུས་ཆེན་བར་སྐྱེ་འཕེལ་གྱི་དུས་ཡིན་ལ། ཁོ་ཚོ་ལོ་རེ་བཞིན་ལྡོག་རྐྱལ་ཀྱི་འགོ་བཙུགས་ཏེ་མཚོ་སྔོན་པོའི་ཆུ་ལག་འོམ་ཆུ་དང་པུའུ་ཧ་ཆུ་བོ། མཚོ་འཁྱིལ་ཆུ་བོ་སོགས་བརྒྱུད་ནས་རུབ་འཛོམས་བྱས་པས་གཞི་ནས་ང་ཚོའི་མིག་མདུན་དུ་མཐོང་བའི་བརྗིད་ཉམས་ལྡན་པའི་ཡུལ་ལྗོངས་བྱུང་བ་རེད། གསར་འགོད་པ་དང་དགེ་རྒན་རྣམ་པ་འདི་གར་གཟིགས་དང”ཞེས་གསེར་ཉའི་ཁྱིམ་གཞིས་ཀྱི་འགྲེལ་བཤད་པས་གཞོགས་ངོས་ནས་ལམ་རའི་མདུན་གྱི་བར་གསེང་ནས་མཛུབ་མོ་ཆུའི་དཀྱིལ་དུ་བཙུགས།
གོམ་པ་སྤོས་ནས་བལྟས་ན་རྔ་མ་ཁྲི་སྟོང་མང་པོའི་སྐྱ་མདོག་གི་གསེར་ཉའི་ཆུ་ལམ་དུ་གང་ཡོད་པ་མཐོང་བ་དང་། ཆུ་རྒྱུན་དྲག་པོ་དང་ལྡོག་ནས་ཡར་རྒྱས་སུ་འགྲོ་བཞིན་ཡོད། རྡོ་འགག་གི་མདུན་དུ་ཉ་གཟུགས་གུག་རྟགས་ཤིག་ཏུ་གཞུ་བཞིན་ཡོད། རྔ་མ་ཤུགས་ཀྱིས་གཡུག་ནས་ཕར་ལྡིང་ཚུར་ལྡིང་བྱེད་པ་དང་། ཕར་འགྲོ་མི་ཐུབ་པའི་ཆུ་རྒྱུན་གྱིས་སྔར་གནས་སུ་འཁྱིལ་ནས་དབུགས་ཐེངས་གཅིག་ངལ་གསོས་རྗེས་མུ་མཐུད་དུ་རྐྱལ་བཞིན་ཡོད། དེའི་རྒྱུ་མཚན་ནི་ཆུ་གཏིང་སྲབ་སར་རིམ་པ་གཅིག་ལས་མེད་པས་ཉ་གཤོག་གྲངས་ལས་འདས་པ་ཞིག་གསལ་པོར་མཐོང་ཐུབ་པ་དང་། མང་ཞིང་སྟུག་པས་རྒྱང་རིང་ནས་བལྟས་ཚེ“གཡོར་གྲུ་སྟོང་གིས་འགྲན་རྩོད་བྱེད་པ”དང་ཀུན་ནས་མཚུངས།
དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལིན་ཡུས་ཅིན་ཆུ་འགྲམ་དུ་ཙོག་པུར་བསྡད་ནས་མིག་དབང་ཅིག་ཅར་འཕྲོག ཡར་ལངས་སྐབས་སྐད་ཅུང་ཙམ་འགག་ཡོད་ལ། “སྔོན་ཆད‘ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ’ཞེས་པ་ཐོས་དུས་རྟག་ཏུ་དྲིལ་བསྒྲགས་ཀྱི་སྐད་ཆ་ཡིན་པས་དངོས་སུ་འདི་འདྲ་ཞིག་མེད་སྙམ་གྱི་ཡོད། དེ་རིང་འདི་རུ་ལངས་ནས་བལྟས་ཚེ་ད་གཟོད་ཁོ་ཚོ་གང་ནས་ཉ་ཞིག་མ་ཡིན་པར་དཔའ་བོ་ངོ་མ་ཞིག་ཡིན་པ་བཟོད་ནས་ཤེས། རླབས་ཟུར་གྱེན་ལྡོག་ལས་བྱུང་བའི་ཚེ་སྲོག་གི་ངོ་མཚར་ཅན་དེས་ང་ལ་ཅི་ཡིན་འདི་ཡིན་མེད་པའི་སྟོབས་ཤུགས་ཤིག་སྦྱིན་བྱུང”ཞེས་བཤད།
སྣང་ཚུལ་འདིས་མི་རྣམས་ལ་སེམས་འགུལ་ཐེབས་པ་ཞིག་ཡིན་མོད། འོན་ཀྱང་ནམ་ཡང་དེ་འདྲ་ཞིག་མ་རེད།
རྐང་ཚ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའི་ཅུ་ཀྲང་གཞོན་པ་ཡན་དབྱིན་ལིས་གསར་འགོད་པ་ཚོར་ངོ་སྤྲོད་བྱས་པར་གཞིགས་ན། འོམ་དཀར་ཆུ་ནི་རྐང་ཚ་རྫོང་མངའ་ཁོངས་ཀྱི་སངས་རྫའི་ལྷོ་འདབས་ནས་འགོ་བཙུགས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ95ཡོད། དེ་ནི་གསེར་ཉ་ལྡོག་རྐྱལ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ་མཚོ་སྔོན་པོ་བྱང་ངོགས་ཀྱི་ཆུ་ཁུངས་གསོ་སྐྱོང་བྱེད་པའི་འགག་རྩའི་ཆུ་རྒྱུད་ཞིག་ཡིན། དེ་སྔ་ཉ་འཛིན་རྒྱུ་ཐལ་དྲགས་པའི་དབང་གིས་གསེར་ཉའི་ཐོན་ཁུངས་སྟོངས་ལ་ཉེ་བ་དང་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལ་ཚོད་བགམ་དྲག་པོ་འཕྲད་ཡོད།
“སྲུང་སྐྱོང་ཐོག་མའི་དུས་སུ་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི0.26ལས་མེད་ལ། མི་རྣམས་ཡིད་མུག་དགོས་པའི་གྲངས་གཞི་དེ་འདྲ་ཞིག་གི་མདུན་དུ། རྫོང་གིས་སྐྱེ་ཁམས་དོ་དམ་ཚོད་འཛིན་དང་གཙང་མཚེའུ་དོ་དམ་སྲུང་སྐྱོབ། རྩྭ་ཐང་སླར་གསོ། སྦགས་བཙོག་འགོག་བཅོས་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། མཚེའུ་བཀག་ཉ་གསོ་བ་དང་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་གཏོང་བ། ལྡོག་རྐྱལ་བགྲོད་ལམ་སླར་གསོ། ཁྱབ་ཁོངས་ཡོངས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་དོ་དམ་ཚོད་འཛིན་བཅས་རེས་སྐོར་དྲུག་བྱས་པ་བརྒྱུད2025ལོར་ལྟ་ཞིབ་ཚད་ལེན་བྱས་པའི་སྤྱི་འབོར་ཏུན་ཁྲི13.3ཟིན་པ་དེ་སྲུང་སྐྱོང་ཐོག་མའི་དུས་ལས་ལྡབ50ལྷག་འཕར་ཡོད། སྲུང་སྐྱོང་རིམ་པ་དེ‘སྟོངས་ཉེ’ནས‘ཉེན་སླ’བར་དམའ་རུ་བཏང་བ་དང་རིགས་ཁྱུ་གྲུབ་ཆའི་རྒྱུན་མཐུད་ཀྱིས་མཚོ་སྔོན་པོ་ཡི་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་དང་བརྟན་ལྷིང་སྣ་མང་རང་བཞིན་སྲུང་སྐྱོང་སྲུང་ཡོལ་བརྟན་པོ་སྐྲུན་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད”ཅེས་ཡན་དབྱིན་ལིས་བཤད།
འགྲམ་གྱི་གཙང་མཚེའུ་དོ་དམ་པས“ངས་འདི་ན་ལས་ཀ་བྱས་ནས་ལོ་བཅུ་ལྷག་ཕྱིན་ཡོད། ད་ལྟ་ཆུ་ཇེ་དྭངས་དང་ཉ་ཇེ་མང་དུ་སོང་ལ། དེ་དང་མཉམ་དུ་བྱ་རིགས་ཀྱང་ཕྱིར་ལོག་གིན་ཡོད། དེ་དག་ཚང་མ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོགཆེན་པོ་ཞིག་རེད”ཅེས་བཤད།ཚེ་སྲོག་གི་བགྲོད་ལམ་དེ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ནི་དེ་ཙམ་གྱིས་མི་ཚད། འོམ་དཀར་ཆུ་བོའི་འགྲམ་དུ་རྐང་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་དཔོན་གྱི་ལས་རོགས་ཆོས་རྗེ་ནོར་བུ་ཡིས་བཅར་འདྲི་ཚོགས་པར་ཁྲིམས་འཛིན་སྲུང་སྐྱོང་སྐོར་གྱི་གཏམ་རྒྱུད་ཅིག་བཤད་བྱུང་།
“དེ་སྔ་གསེར་ཉ་སྲུང་སྐྱོང་བྱེད་པ་སྡེ་ཁག་མང་པོ་ཞིག་དང་འབྲེལ་བ་ཡོད་ལ། སྡེ་ཁག་སོ་སོས་རང་རང་ས་ནས་བྱ་སྤྱོད་སྤེལ་བས་མཉམ་གཅིག་དུ་ཤུགས་རྒྱག་རྒྱུ་ཁག་པོ་བྱུང་ཡོད”ཅེས་ཆོས་རྗེ་ནོར་བུ་ཡིས་བཤད། 2019ལོར་གསེར་ཉའི་གཞིས་ཁྱིམ་དུ་མཚོ་སྔོན་པོའི་གསེར་ཉ་སྤྱི་ཕན་ཞིབ་དཔྱོད་སྐྱེ་འཕེལ་གློད་གཏོང་རྟེན་གཞི་བསྐྲུན་ནས་ཞིང་ཆེན་རིམ་པས་སྲིད་འཛིན་ཁྲིམས་བསྟར་དང་། ཉེས་དོན་ཁྲིམས་འཛིན་སྤྱི་ཕན་གཏུག་བཤེར་བཅས་ཐག་པ་གཅིག་ཏུ་གྱུར་པ་དང་འབྲེལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བཤད།
2021ལོར་ཀྲང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་སོགས་ཀྱིས་ཆུ་རྒྱ་བསྡམས་པའི་ས་ཁུལ་དུ་ཁྲིམས་འགལ་ངང་མཚོ་སྔོན་པོའི་གསེར་ཉ་འབོར་ཆེན་བཟུང་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་དོ་སྙོམས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། “ང་ཚོ་ཁྲིམས་ལྟར་ཐེར་འདོན་དང་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གིས་དབང་གནོད་མཁན་འགན་ལེན་ལ་སྐྱེ་ཁམས་ཉམས་གསོའི་གྲོན་དངུལ་སྒོར་ཁྲི17.5ལྷག་སྤྲོད་དགོས་པའི་བཀའ་བཏང་བ་དང་མ་དངུལ་དེ་དག་ལ་བརྟེན་ནས་གསེར་ཉའི་ཉ་ཕྲུག་ཁྲི15སྐྱེ་འཕེལ་བཏང”ཡོད། “དེ་ནི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གཏན་འབེབས་གྱི་གནོད་སྐྱོན་གི་འགན་འཁྲི་འཁུར་བ་དང་ཁྱོན་ཡོངས་ནས་གུན་གསབ་རྩ་དོན་བྱེད་པ་དང་མཐུན་པ་ཞིག་རེད། གྱོད་གཞི་དེ་ཞིང་ཆེན་དེ་ཡོངས་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ་ནང་བདམས་ཡོད”ཅེས་ཆོས་རྗེ་ནོར་བུ་ཡིས་ངོ་སྤྲོད་བྱས་པ་རེད།
བཅར་འདྲི་ཚོགས་པའི་ཁོངས་མིས་ཟིན་བྲིས་འགོད་ཞོར་དུ་སྲིད་འཛིན་ཁྲིམས་བསྟར་ནས་ཞིབ་དཔྱོད་ལྟ་སྐུལ་བར་དང་། ཉེས་དོན་གྱི་འགན་འཁྲི་བདའ་འདེད་ནས་སྐྱེ་ཁམས་ཉམས་གསོ་བྱེད་པའི་བར་གྱི་གདུབ་ཟུམ་སྲུང་སྐྱོང་འབྲེལ་ཐག་དེས་བཅའ་ཁྲིམས་ཀྱི“སྲུང་སྐྱོང”ཡོད་ལ་གཏོར་སྐྱོན་ཐེབས་པའི་སྐྱེ་ཁམས་ཉམས་གསོ་བྱེད་པའི་ཐབས་ལམ་ཡང་བྱུང་ཡོད། ཕྱོགས་མང་པོའི་སྟོབས་ཤུགས་ལས་གྲུབ་པའི་འགྲིལ་ཤུགས་སྡོམ་ཤུགས་ཞིག་ཡིན་ཞིང་། ངོ་མཚར་བའི་ཚེ་སྲོག་འདི་ལ“སྲུང་སྐྱོབ་བྱེད་བཞིན་ཡོད”
ཆུ་འགྲམ་ནས་ཁ་བྲལ་རྗེས་གསར་འགོད་པ་ཚོས་ཞིབ་ཕྲའི་གནས་ཚུལ་གཞན་ཞིག་མཐོང་བ་སྟེ། གསེར་ཉའི་གཞིས་ཁྱིམ་དུ་ཉ་ལམ་དང་ཉ་དབྱིབས་ཐང་ཆེན་དྲིན་གསོའི་འཇིམ་བརྐོས་བཅས་ཡོད་པར་མ་ཟད། ད་དུང་མཉམ་འདྲེས་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྲིག་ཆས་ཀྱང་ཡོད་པ་དེ་རེད། ཡན་དབྱིན་ལི་ཡིས་གསར་འགོད་པར་བཤད་རྒྱུར། རྫོང་ནང་དུ་སྐྱེ་ཁམས་གྱི་དོ་དམ་སྲུང་སྐྱོང་པ་སྤྱི་ཕན་ལས་གནས་འཛུགས་སྐྱོང་དང་། གདན་བཀོལ་གྱི་ལས་དོན་མི་སྣས་སྒྲིག་བཀོད་དེ་དག་ལ་དོ་དམ་སྲུང་སྐྱོང་བྱས་པས་ས་གནས་འདིའི་མང་ཚོགས་རྣམས་སྐྱེ་ཁམས་སྲུང་སྐྱོང་ནང་ཐད་ཀར་ཞུགས་མཁན་དང་ཕན་པ་ཐོབ་མཁན་དུ་གྱུར་ཡོད། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་བྱས་པས། རོང་འབྲོག་མང་ཚོགས་ཀྱིས“སྐྱེ་ཁམས་ཟ་བ”ཟ་བའི“གསེར་གྱི་ཕོར་བ”ཐོབ་པར་མ་ཟད“གསེར་ཉ་སྲུང་སྐྱོང་བྱེད་པའི”བྱ་བར་སྤྲོ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།
གསེར་ཉ་ལྡོག་རྐྱལ་གྱི་ངོ་མཚར་ཅན་དེ་ནི་ཁོང་ཚོས་འཁྱུག་རྩལ་ངོམ་པ་ཁོ་ན་མ་ཡིན་པར་ས་ཆ་འདིའི་མི་རྣམས་ཀྱིས་ལོ་བཅུ་དང་ཉི་ཤུ། ཐ་ན་དེ་ལས་རིང་བའི་དུས་ཚོད་སྤྱད་དེ་སྟོངས་ལ་ཉེ་བའི་ཚེ་སྲོག་རེ་རེ་བཞིན་ཟབ་འཇིངས་ནས“འཐེན”ནས་ཕྱིར་ཡོང་བ་དེ་རེད། སྲུང་སྐྱོང་བྱེད་པ་ནི་ཕྱོགས་གཅིག་པུའི་བཏང་བ་མ་ཡིན་པར། བྱ་དངོས་ཐམས་ཅད་མཉམ་གནས་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་འགྲུལ་བཞུད་རིང་པོ་ཞིག་རེད། མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་ངོ་མཚར་ཚེ་སྲོག་དེ་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རི་ཀླུང་གཙང་པོའི་དཀྱིལ་དུ་རིམ་གྱིས་འབྲི་བཞིན་ཡོད།