མཚོ་སྔོན་རྐང་ཚས་ལོ་ལྔའི་རིང་འབད་བརྩོན་བྱས་ཏེ་གྲུབ་འབྲས་བཟང་པོ་བླངས་པ་དང་། ཐཱན་ཉུང་ལས་རིགས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་འགོ་ཚུགས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“ལྔ་ཚན་བཅུ་བཞི”བའི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཁུལ་ཨུའི“243”ཡི་འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་རྫོང་ཨུའི“1136”ཡི་བྱ་བའི་བྱེད་ཕྱོགས་ལ་དམ་པོར་དམིགས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ། ལས་གཞི་སྒུལ་ཤུགས་སུ་བྱེད་པ་དང་ཐོན་ལས་གཞན་སྒྱུར་དམ་འཛིན་བྱེད་པ། ཚོང་ལས་ཀྱིས་རྫོང་དར་རྒྱས་གཏོང་བ་ཐབས་ལམ་དུ་བཟུང་སྟེ། འཕར་སྣོན་བརྟན་པོ་ཡོང་བ་དང་བསྒྱུར་བཅོས་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་གཅིག་གྱུར་འཆར་འགོད་བྱས་པ་བརྒྱུད། དམིགས་ཡུལ་ལས་འགན་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ནས“ལྔ་ཚན་བཅོ་ལྔ”བར་སྤུས་ཚད་མཐོ་བའི་ངང་གོང་སྤེལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་བརྟན་ཞིང་ཡར་རྒྱས་བྱུང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ལོ་ལྔའི་རིང་ལ། རྐང་ཚ་རྫོང་གི་དཔལ་འབྱོར་གོང་འཕེལ་ཚད་གཞི་གཉིས་ཀ་མཉམ་དུ་འཕར་བ་དང་། འཆར་འགོད་དམིགས་ཡུལ་ཚང་མ་ཡོངས་སུ་འགྲུབ་པར་བྱས་ཡོད། ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར110.3ཟིན་པ་དེ“ལྔ་ཚན་བཅུ་གསུམ”པའི་དུས་སྐབས་ལས23.9%འཕར་ཡོད་པ་དང་། ཆ་སྙོམས་ལོ་རེར4%རེ་འཕར་སྣོན་བྱུང་བས། ལས་རིགས་གྲུབ་ཆ་ལེགས་སྒྲིག་བྱས་པ་ནི28:25:47ཡིན་པ་དང་། ལས་རིགས་མཐུན་སྦྱོར་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད། གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་མུ་མཐུད་དུ་མཐོ་བ་རྒྱུན་འཁྱོངས་ཐུབ་པ་དང་། ཆ་སྙོམས་ལོ་རེར20.6%འཕར་ཡོད་ཅིང་། ལོ་ལྔར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར69.82བཏང་བ་དེས“ལྔ་ཚན་བཅུ་གསུམ”པའི་སྐབས་ལས15.96%འཕར་ནས། ས་གནས་འཕེལ་རྒྱས་ཀྱི་ནུས་པ་བརྟན་པོ་ཆགས་ཡོད། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བརྟན་འཇགས་ངང་མདུན་སྐྱོད་བྱས་ཤིང་། སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམ་དུ6.4%འཕར་སྣོན་བྱུང་བ་དང་། སྔོན་བཀོད་འཆར་གཞིའི་དམིགས་ཚད་ལས་བརྒལ་བ་མངོན་འགྱུར་བྱུང་ཡོད། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་གློད་པ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར29.04ཟིན་པ་དེ“ལྔ་ཚན་བཅུ་གསུམ”པ་ལས33.3%འཕར་བ་རེད། བཟོ་ལས་དཔལ་འབྱོར་གྱི་འཕེལ་ཤུགས་མངོན་གསལ་དོད་པོ་ཡོད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར11.16ཟིན་ཞིང་། སྤྱི་ལོ2025ལོར་བཟོ་ལས་ཐོན་རྫས་རིན་ཐང་དུས་མཚུངས་སུ49.4%འཕར་ཡོད། ལོ་ངོ་ལྔའི་རིང་ལ་ཁེ་ལས་ཆེ་གྲས4གསོ་སྐྱོང་བྱས་པ་དང་། བཟོ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་རིམ་བཞིན་ཇེ་ལེགས་ཡིན།

ལས་གཞི་གལ་ཆེན་དང་བསྒྱུར་བཅོས་གཙོ་བོ་མཉམ་དུ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མགྱོགས་མྱུར་ངང་འདུས་ཡོད། “ལྔ་ཚན་བཅུ་བཞི”པའི་རིང་ལ། ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་འཇོག་ལས་གཞི་ཁྱོན་བསྡོམས94ལག་བསྟར་བྱས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར13.82ཟིན་ཞིང་། ལོ་འཁོར་སོ་སོར་གོ་རིམ་ལྡན་པར་སྤེལ་བཞིན་ཡོད། ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་སྟེ། དངོས་སུ་འབྱོར་བའི་མ་དངུལ་རིམ་བསགས་ཀྱིས་སྒོར་དུང་ཕྱུར27.79ཟིན། ཚོང་ལས་འཁོར་རྒྱུག་ལེགས་སྒྱུར་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་དྲ་ལམ་ནས་བཙོངས་ཚད་དེ་སྤྱི་ལོ2021ལོའི་སྒོར་ཁྲི747ནས2025ལོར་སྒོར་ཁྲི193བར་འཕར་ཡོད་ལ། ལོ་རེར་ཆ་སྙོམས20%ལས་བརྒལ་ཡོད། ཁྱབ་ཁོངས་གཙོ་གནད་དུ་གྱུར་པའི་བཅོས་བསྒྱུར་གཏིང་ཟབ་སྤེལ་བ་བརྒྱུད་མྱུར་སྐྱེལ་མཛོད་ཁང་གཅིག་གྱུར་གྱིས་བགོ་བཤའ་རྒྱག་ཐུབ་པ་དང་། ཟོག་འགྲེམས་དུས་ཚོད40%ཐུང་དུ་ཕྱིན་ལ་འགྲོ་གྲོན30%མར་ཆག་པ་བཅས་མངོན་འགྱུར་བྱུང་ཡོད། རྒྱལ་ཁབ་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ལེགས་གྲུབ་བྱུང་ནས། ཁེ་ལས་སྤྱི་འབོར44%ཉུང་འཕྲི་བཏང་བ་དང་། “1+5+8”ཡི་སྒྲིག་གཞི་གསར་པ་བསྐྲུན་ཡོད།
ཁྱད་ཆོས་མངོན་གསལ་ཡིན། རོགས་སྐྱོར་འཛུགས་སྐྲུན་དང་ཐོན་ལས་བསྒྱུར་བཅོས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་ཡོད། ཁ་གཏད་རོགས་སྐྱོར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། ལེའོ་ཁྲེང་གྲོང་ཁྱེར་གྱིས་མ་དངུལ་དངོས་ཟོག་སྒོར་དུང་ཕྱུར36བཏང་བ་དང་། ཁ་གཏད་རོགས་སྐྱོར་ལས་གཞི51ལག་བསྟར་བྱས་ཤིང་། ཧྲན་ཏུང་དང་མཚོ་སྔོན་ཕྱུགས་ལས་སོགས་ཁེ་ལས་ནང་འདྲེན་བྱས་པ་དང་། ཐོན་རྫས4རྒྱལ་ཡོངས་མིང་གྲགས་ཅན་གྱི་ཞིང་ལས་ཁྱད་ལྡན་གསར་སྤེལ་ཐོན་རྫས་སུ་བདམས་པ་རེད། “འོད་སྣང་བགྲོད”ཞེས་པའི་མིག་ནད་གཤགས་བཅོས་ཀྱིས་མི400ལྷག་ལ་ཕན་ཐོགས་བྱུང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཉམས་མྱོང་དེ་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བྱུང་བ་དང་། སྒྲིག་སྦྱོར་བྱས་པའི་སྤྱིའི་ཤོང་ཚད་ཆན་ཝ་ཁྲི138.05ཟིན་ལ། དེས་ཁུལ་ཡོངས་ཀྱི་གློག་ཤུགས་གསར་སྤེལ་གྱི་སྤྱི་འབོར་ནང67.6%ཟིན་ཡོད། ཁུལ་ཡོངས་སུ་ཐོག་མར་གསོག་འཇོག་གློག་ཁང་བསྐྲུན་ཡོད་པ་རེད། ཚེ་ཐར་གྱི་སྟོང་ཧྥུ750བར་གྱི་གློག་སྐྱེལ་ལས་གྲྭ་དེ་ཞིང་ཆེན་རིམ་པའི་ཇུས་འགོད་དཔྱད་ཞིབ་ལེགས་གྲུབ་བྱུང་ཞིང་། དམའ་རིམ་དཔལ་འབྱོར་མི་མེད་གནམ་གྲུ་བརྟག་དཔྱད་ལྟེ་གནས་སོགས་ལས་རིགས་གསར་བ་རྣམས་མགྱོགས་མྱུར་ངང་བཀོད་སྒྲིག་བྱེད་བཞིན་ཡོད། ཕྱི་ཕྱོགས་ཉོ་ཚོང་ཐད“མེད་པ་ནས་བརྒལ་བའི”གྲུབ་འབྲས་ཐོབ་ཅིང་། མཐོ་སྒང་གི་ནོར་ཁུལ་སྐེ་དཀྲིས་དེ་བྷེལ་ཇམ་རྒྱལ་ཁབ་ཏུ་ཕྱིར་འཚོང་བྱས།
རྐང་ཚ་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་ནས། ལྗང་མདོག་ཐཱན་ཉུང་དང་ཐོན་ལས་རིམ་སྤོར། ལས་གཞི་འགག་སྒྲོལ། བསྒྱུར་བཅོས་གསར་གཏོད། མཁར་གྲོང་མཉམ་འདྲེས། དམངས་ཚིས་འགན་སྲུང་བཅས་ཁ་ཕྱོགས་ཆེན་པོ་དྲུག་ལ་དམིགས་ནས་འབད་བརྩོན་བྱ་རྒྱུ་ཡིན། གཙོ་གནད་དུ་ལས་གཞི་ཆ་ཚང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་རྒྱུ་གསར་པའི་སྣེ་ཁྲིད་ལས་རིགས་སྟོབས་ཆེར་གཏོང་བ། ཚོང་དོན་ཟོག་འགྲེམས་ནུས་པ་མཐོར་འདེགས་གཏོང་བ། ཚོང་འགུགས་གནད་སྨིན་སྤེལ་བ། ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ། བསྡོམས་རྩིས་ལས་དོན་གྱི་རྨང་གཞི་བརྟན་པོ་འཛུགས་པ་བཅས་བྱས་ཏེ། དམིགས་ཡུལ་ལས་འགན་ཁག་དོན་འཁྱོལ་ནུས་ལྡན་ཡོང་བ་ཁག་ཐེག་བྱེད་པ་དང་ཆབས་ཅིག སྐྱེ་ཁམས་མཛེས་ཤིང་ཐོན་ལས་དར། མི་དམངས་ཕྱུག་འགྱུར་བཅས་འཛོམས་པའི་དེང་རབས་ཅན་གྱི་རྐང་ཚ་གསར་བ་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་རྒྱུ་ཡིན།