བསིལ་རླུང་འཇམ་པོས་ལྗོན་པའི་ལོ་འདབ་གཡོ། མཛེས་པའི་སྐྱེ་ཁམས་དམངས་ཀྱི་སེམས་ན་གསལ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བསིལ་རླུང་འཇམ་པོ་ལྡང་ཞིང་སྔོ་ལྗང་གིས་ཕྱོགས་བཞི་ཁེབས་ཡོད། རྐང་ཚ་རྫོང་གི་མྱུར་ལམ་འཛུལ་སྒོ་དང་ཐོན་སྒོའི་ལམ་འགྲམ་གཉིས་སུ། སྐྱེ་སྟོབས་ཀྱིས་ཕྱུག་པའི་སྐྱེ་ཁམས་རི་མོ་དལ་གྱིས་བཀྲམ་པ་སྟེ། གྲལ་འགྲིག་པའི་ནགས་ཚལ་གཞུང་ལམ་གཡས་གཡོན་དུ་རིང་བར་བརྐྱངས་ཤིང་། རྩི་ཤིང་སྣ་ཚོགས་ལྗང་ལམ་མེར་སྐྱེས་ཡོད། གཡུ་ཡི་ལོ་འདབ་རླུང་བུས་དལ་གྱིས་གཡོ་བཞིན་ཡོད་ལ། རྒྱང་རིང་གི་རྩྭ་ཐང་མཐའ་ཡས་ཤིང་ནམ་མཁའ་དང་གཞི་གཅིག་དུ་འདྲེས་པས་ངོ་མཚར་ལྟ་ན་སྡུག
སྔོན་ཆད་ཀྱི་གཞུང་ལམ་དེ་ཁེར་རྐྱང་དུ་འདུག་ལ། ད་ལྟ་འགྲམ་གཉིས་སུ་ལྗོན་ཤིང་དང་རྩྭ་རྩི་སྣ་ཚོགས་ཀྱིས་ཁེངས་ཤིང་། རིམ་པ་ལྡན་པའི་ལྗང་མདོག་གིས་མཐོ་སྒང་གི་རླུང་དང་བྱེ་མ་བཀག་སྟེ། རྐང་ཚ་རྫོང་གིས་ཕྱི་ཕྱོགས་སུ་ངོམ་ཆོག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལེགས་པོ་ཞིག་དུ་གྱུར་ཡོད། འདི་ནི་རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཁོངས་དོ་དམ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ས་ཁུལ་ཡོངས་སུ་སྐྱེ་ཁམས་ཉམས་གསོ་བྱེད་པ་དང་མཐོ་སྒང་གི་ལྗང་མདོག་གསལ་བར་བྱེད་པའི་དཔེ་མཚོན་གསོན་པོ་ཞིག་ཡིན།

“སྔོན་ཆད་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་དང་ཐོན་སྒོའི་མཐའ་འཁོར་གྱི་ས་སྟོང་སྟེང་དུ་རྩྭ་རྩི་ཤིང་ཐར་ཐོར་ལས་མེད་པས་རླུང་འཚུབ་ཆེན་པོ་ལྡང་བ་དང་ཡུལ་ལྗོངས་ཆིག་རྐྱང་ཡིན་ཞིང་། དཔྱིད་ཀ་དང་སྟོན་ཁར་བསླེབས་དུས་བྱེ་རྡུལ་གྱིས་ནམ་མཁའ་ཁེངས་ནས་འགྲུལ་བཞུད་ཀྱི་མྱོང་ཚོར་ཧ་ཅང་ཞན་པོ་ཡོད།” འོམ་ཆུ་གྲོང་རྡལ་དུ་སྡོད་པའི་ས་གནས་མང་ཚོགས་མཱ་ཧའེ་ཡན་ལ་ཚོར་བ་ཟབ་མོ་བྱུང་ཡོད་དེ། ད་ལྟ་རང་ཁྱིམ་གྱི་མདུན་ཕྱོགས་སུ་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ཆེན་པོ་བྱུང་བ་དེས་ཁོ་མོ་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེས་བཞིན་འདུག
“ལོ་འདི་དག་གི་འགྱུར་ལྡོག་མིག་གིས་མཐོང་ཐུབ་པ་ཞིག་རེད། ས་སྟོང་ནགས་ཚལ་དུ་གྱུར་པ་དང་བྱེ་ཐང་སྔོ་ལྗང་དུ་གྱུར་པ། མཁའ་དབུགས་བརླན་ཞིང་དྭངས་ལ་དུས་ཚིགས་རེ་རེར་མཛེས་ལྗོངས་མི་འདྲ་བ་ཡོད། ཉིན་རེར་འཆམ་འཆམ་བྱེད་པ་ཡིན་ནའང་འདྲ། གཉེན་ཉེ་གྲོགས་པོ་སྣེ་ལེན་བྱེད་ནའང་སེམས་ཁམས་ཧ་ཅང་སྐྱིད་པོ་འདུག ང་ཚོས་སྐྱེ་ཁམས་སྲུང་སྐྱོང་གིས་ཁྱེར་ཡོང་བའི་ཁེ་བཟང་ངོ་མ་དེ་རག་ཐུབ་སོང”ཅེས་མཱ་ཧའེ་ཡན་གྱིས་བཤད། སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེས་རྫོང་ཁོངས་ཀྱི་རྣམ་པ་མཛེས་པར་བྱས་པ་ཙམ་མ་ཡིན་པར། མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་ཡང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

“ལྔ་ཚན་བཅུ་བཞི་པ”ནས་བཟུང་། རྐང་ཚ་རྫོང་གིས་མཚོ་སྔོན་པོའི་ཆུ་ཁུངས་གསོ་སྐྱོང་གི་ལྟེ་བའི་ས་བབ་ལེགས་ཆ་ལ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་ཐིག་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཀྱི་ས་ཁོངས་འཆར་འགོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། “རི་མོ་གཅིག”གིས་དོ་དམ་མཐར་ཕྱིན་བྱེད་པའི་དེང་རབས་ཅན་གྱི་བར་སྟོང་བཅོས་སྐྱོང་རྣམ་པ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། ཚན་རིག་དང་མཐུན་པའི་འཆར་འགོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་པོ་བཙུགས་པ་དང་། ས་ཁུལ་ཡོངས་ཉམས་གསོ་བྱེད་པ་བརྒྱུད་སྐྱེ་ཁམས་ཀྱི་རྩ་ལམ་གསོན་ཤུགས་རྒྱས་སུ་བཅུག་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།
ཤེས་གསལ་ལྟར་ན། རྐང་ཚ་རྫོང་གིས་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་བར་སྟོང་དོ་དམ་མ་ལག་ལ་བརྟེན་ནས་རི་ཆུ་ནགས་ཞིང་མཚོ་དང་རྩྭ་ཐང་བྱེ་ཐང་གཞི་གཅིག་ཅན་གྱི་སྲུང་སྐྱོང་ཉམས་གསོ་དང་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་སླར་གསོ་བྱེད་པ་དམིགས་འབེན་དུ་བཟུང་སྟེ་མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་ཡོད། “འདས་པའི་ལོ་ལྔའི་རིང་ལ། ང་ཚོས་སྤྱི་ཡོངས་ཀྱི་ལྟ་བ་རྒྱུན་འཁྱོངས་ཀྱིས་ཆ་ཤས་ཙམ་གྱི་བཅོས་སྐྱོང་བྱེད་སྟངས་དོར་ཏེ་ས་ཁུལ་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་མཉམ་དུ་སྐུལ་འདེད་བཏང་བ་དང་། རྩྭ་ས་ཉམས་རྒུད་དུ་འགྲོ་བ་དང་ས་ཞིང་བྱེ་འགྱུར། ཆུའི་ཐོན་ཁུངས་མི་འདང་བ་སོགས་སྐྱེ་ཁམས་ཀྱི་དཀའ་ངལ་གནད་འཁེལ་ངང་ཐག་གཅོད་བྱས་པ་བརྒྱུད། ཁོར་ཡུག་སྤུས་ཚད་བརྟན་འཇགས་ངང་མཐོ་རུ་ཕྱིན་ཡོད”ཅེས་རྐང་ཚ་རྫོང་རྩྭ་ཐང་ས་ཚིགས་ཀྱི་འགན་འཁུར་པ་ཐུང་ཞུའེ་ཀོང་གིས་ངོ་སྤྲོད་བྱས།
ཐུང་ཞུའེ་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “ལྔ་ཚན་བཅུ་བཞི”པའི་རིང་ལ་རྐང་ཚ་རྫོང་གིས་སྐྱེ་ཁམས་ཉམས་གསོའི་ལས་གཞི་སྣ་ཚོགས30ལྷག་ལག་བསྟར་བྱས་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2.5ལས་བརྒལ་ཡོད། ཕྱོགས་ཡོངས་ནས་སྐྱེ་ཁམས་ཀྱི་ཞན་ཆ་གསབ་པ་དང་རྨང་གཞི་བརྟན་པོ་བཏིང་བ་རེད། ས་ཁྱོན་སྔོ་ལྗང་ཅན་དུ་བསྒྱུར་བའི་ཐད་ལ། གཞི་ཁྱོན་ཆེ་བའི་ནགས་བཟོ་སྔོ་འགྱུར་གྱི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། རིམ་རྩིས་བརྒྱབ་ན་ནགས་ཚལ་རྒྱ་ཁྱོན་མུའུ5000ལྷག་ལེགས་གྲུབ་བྱུང་བ་དང་ཤིང་སྡོང་རིགས་མི་འདྲ་བ་རྐང་ཁྲི45ལྷག་བཙུགས་ཡོད་ཅིང་། ས་ཁོངས་ཀྱི་ནགས་ཚལ་ཁེབས་ཚད་བརྟན་འཇགས་ངང4.51%བར་མཐོ་རུ་ཕྱིན་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་དང་གྲོང་ཁྱེར་མཐའ་འཁོར། ཆུ་བོ་འབབ་རྒྱུད་སོགས་ས་ཁུལ་གཙོ་གནད་ཁག་ཏུ་རྩི་ཤིང་འདེབས་འཛུགས་བྱེད་ཚད་མངོན་གསལ་ཀྱིས་མང་དུ་སོང་བས་ས་གནས་འདིའི་གནམ་གཤིས་ལེགས་བཅོས་ཐུབ་པར་མ་ཟད། མཐོ་སྒང་གི་རླུང་འཚུབ་ཀྱིས་བསླད་སྐྱོན་གཏོང་བ་བཀག་འགོག་ནུས་ལྡན་ཐུབ་ཡོད།

ལོ་ལྔའི་རིང་ལ། ས་གནས་དེས་རྩྭ་ཐང་ཉམས་རྒུད་བཅོས་སྐྱོང་དང་རྩྭ་སའི་གནོད་འབུ་འགོག་བཅོས། སྐྱེ་ཁམས་སྤུས་ཚད་མཐོར་འདེགས་བཅས་ལ་དམིགས་ནས། ཁྱོན་བསྡོམས་རྩྭ་ཐང་སྐྱེ་ཁམས་སླར་གསོའི་ལས་གཞི20ལྷག་ལག་བསྟར་བྱས་པ་དང་། རྩྭ་ཐང་ཉམས་པ་མུའུ་ཁྲི8ལྷག་སླར་གསོ་བྱས་ཤིང་། ནན་ཏན་གྱིས་གནོད་འཚེ་ཅན་གྱི་སྐྱེ་དངོས་སྔོན་འགོག་ལས་དོན་སྤེལ་ཏེ། འགོག་སྲུང་རྒྱ་ཁྱོན་མུའུ་ཁྲི500ལས་བརྒལ་བ་མངོན་འགྱུར་བྱུང་ཡོད། ས་བོན་གསབ་འདེབས་ལེགས་བཅོས་དང་ལྕགས་ར་བསྐོར་ནས་བདག་སྐྱོང་བྱེད་པ། བྱི་ནད་ཕྱོགས་བསྡུས་ཀྱིས་འགོག་པ་སོགས་ཀྱི་བྱེད་ཐབས་གནད་འཁེལ་རབ་དང་རིམ་པ་བརྒྱུད་དེ། རྫོང་ཡོངས་ཀྱི་རྩྭ་ཐང་གི་རྩི་ཤིང་ཁེབས་ཚད70%ཡན་དུ་བརྟན་པོར་གནས་ཐུབ་པ་བྱུང་བ་དང་། སྔོན་ཆད་ཆ་ཤས་ཤིག་ཉམས་པའི་རྩྭ་ཐང་དེ་དག་སླར་ཡང་ཆུ་རྩྭ་ཕུན་སུམ་ཚོགས་པའི་རང་བྱུང་རྣམ་པ་མངོན་པར་གྱུར་ཏོ།
མཚོ་སྔོན་པོའི་ཆུ་ཁུངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྐང་ཚ་རྫོང་གིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་བྱས་ཏེ། འོམ་ཆུ་རྒྱལ་ཁབ་རླན་སའི་སྤྱི་གླིང་འཛུགས་སྐྲུན་དང་མཚོ་སྐོར་ས་ཁུལ་གྱི་ཆུ་མགོ་གསོ་སྐྱོང་བཅོས་སྐྱོང་ལས་གཞི་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་བ་དང་། རྩྭ་ཐང་ཉམས་ཞན་ལ་ས་བོན་འདེབས་གསོ་དང་བྱི་གནོད་འགོག་སེལ་རྒྱུན་ལྡན་ཅན་དུ་སྤེལ་བ། རྩྭ་སོན་སྐྱེད་སྲིང་རྟེན་གཞི་འཛུགས་སྐྲུན་བརྟན་པོར་སྤེལ་བ་བཅས་ཀྱི་སྒོ་ནས་ཆུ་མགོ་གསོ་སྐྱོང་དང་རྩྭ་ཐང་སླར་གསོ། རླན་ས་སྲུང་སྐྱོང་སོགས་ཕྱོགས་མང་ཤུགས་བསྣན་ཏེ་ཕྱོགས་ཡོངས་རང་བཞིན་དང་ལངས་གཟུགས་རང་བཞིན། ས་ཁོངས་ཡོངས་རང་བཞིན་བཅས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་སྒྲིག་གི་རྣམ་པ་བསྐྲུན་ཞིང་། མུ་མཐུད་དུ་མཚོ་སྔོན་པོའི་བྱང་ངོགས་སུ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཙུགས་ཡོད།
སྐྱེ་ཁམས་ཀྱི་འགྱུར་ལྡོག་ནི་མིག་གིས་མཐོང་ལག་ཟིན་ཡིན། ད་ལྟ་རྐང་ཚ་རྫོང་གི་ས་ཕྱོགས་ཀུན་ཏུ་གཞུང་ལམ་གྱི་འགྲམ་དུ་ནགས་ཚལ་རིང་པོ་དང་གྲོང་ཁྱེར་གྲོང་གསེབ་ལྗང་མདངས་རྒྱས་པ། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ། ཆུ་བོ་དྭངས་གསལ་བཅས་ཀྱིས་ཁོར་ཡུག་ཡོངས་རྫོགས་རྒྱུན་མཐུད་ངང་སྤུས་ཚད་མཐོ་རུ་འགྲོ་བཞིན་ཡོད། ཁོར་ཡུག་བཟང་པོ་འདིས་ས་གནས་མི་དམངས་ཀྱི་འཚོ་གནས་ཆ་རྐྱེན་ལེགས་བཅོས་བྱས་པར་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་གཏོང་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རི་ཆུ་སྔོ་ལྗང་དེ་དངོས་གནས་མི་སེར་ཕྱུག་འགྱུར་བྱེད་པའི་གསེར་དངུལ་རི་བོ་ལྟ་བུར་གྱུར་ཡོད། །