རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བདེ་ཐང་དྲིལ་བསྒྲགས+རིན་མེད་བརྟག་དཔྱད+རོགས་སྐྱོར་སྐྱོབ་རོགས”བཅས་ཀྱིས་བུད་མེད་ཀྱི་བདེ་ཐང་སྲུང་རགས་བརྟན་པོ་བཙུགས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། རྐང་ཚ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་བདེ་ཐང་དམངས་ཚིས་གནད་དོན་ལ་དམིགས་ནས། ཡོང་འབབ་དམའ་བའི་བུད་མེད་རྣམས་ལ་ནུ་སྐྲན་དང་མངལ་སྐྲན་བརྟག་དཔྱད་རོགས་སྐྱོར་འགན་སྲུང་ལས་དོན་ཏན་ཏིག་ངང་སྤེལ། དྲིལ་བསྒྲགས་རྒྱ་ཆེར་བྱེད་པ་དང་གཅིག་བསྡུས་བརྟག་དཔྱད། གནད་འཁེལ་རོགས་སྐྱོར། འགན་ལེན་མཐིལ་རྟོགས་བཅས་བྱས་ཏེ། ས་ཁུལ་གྱི་བུད་མེད་ཡོངས་ཀྱི་ལུས་སེམས་བདེ་ཐང་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་པར་མ་ཟད། ནད་གཞིས་རྐྱེན་གྱིས་དབུལ་པོར་འགྱུར་བ་དང་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ནུས་ལྡན་གྱིས་ཇེ་ཆུང་དུ་བཏང་ཡོད།

དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཐང་འགོག་སྲུང་གི་འདུ་ཤེས་བརྟན་པོ་བཙུགས། ལོ་ན་རན་པའི་བུད་མེད་ཀྱི་གནས་ཚུལ་མཐིལ་རྟོགས་བརྟག་དཔྱད་མ་ལག་ཚང་བར་བྱས་ཏེ། དྲ་ལམ་དྲིལ་བསྒྲགས་བྱེད་སྟངས་གང་ལེགས་སྤྱད་དེ། “རྐང་ཚའི་བུད་མེད་ལྷན་ཚོགས”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་དང་རིམ་པ་ཁག་གི་ཚོགས་པར་བརྟེན་ནས། “སྐྲན་རིགས་གཉིས”སྔོན་འགོག་ཤེས་བྱ་ཁྱབ་གདལ་ཆེན་པོ་བཏང་སྟེ། རོང་འབྲོག་ཁུལ་གྱི་བུད་མེད་རང་ངོས་ནས་སྔོན་འགོག་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཡོང་འབབ་དམའ་བའི་བུད་མེད་ཀྱི“སྐྲན་རིགས་གཉིས”དུས་ཐོག་ཏུ་ཞིབ་བཤེར་ཐོབ་པ་དང་རོགས་སྐྱོར་ཐོབ་ཐུབ་པ་བྱ་རྒྱུ་ཡིན། ལོ་ཧྲིལ་པོར་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱིས་དྲིལ་བསྒྲགས་དྲ་བ་ཆ་ཚང་ཞིག་བསྐྲུན་པ་དང་། ཡུལ་དངོས་སུ“སྐྲན་རིགས་གཉིས”སྐོར་གྱི་སློབ་གསོ་འཆད་ཁྲིད་ཐེངས5བྱས་པ་དང་། དྲ་ལམ་་ནས་དྲིལ་བསྒྲགས་ནང་དོན་ཐེངས10ལྷག་སྤེལ་ཞིང་། བསྡོམས་པས“སྐྲན་རིགས་གཉིས”སྐོར་གྱི་དཔྱད་ཡིག2000ལྷག་བཀྲམ་པ་རེད། ཡུལ་ཚོ་དང་གྲོང་རྡལ་སོ་སོས་རིན་མི་དགོས་པར་བརྟག་དཔྱད་བྱེད་སྒོ་ཐེངས4སྤེལ་བ་དེས་རྫོང་ཡོངས་ཀྱི་མང་ཚོགས་བུད་མེད1500ཙམ་ལ་ཁྱབ་ཅིང་། རོང་འབྲོག་ཁུལ་གྱི་བུད་མེད་ཚོས་འཕྲོད་བསྟེན་ལྟ་བ་བསྒྱུར་རྒྱུར་ཕན་ནུས་བཟང་པོ་ཐོན་ཡོད།

“གསུམ་བརྒྱད”དུས་ཆེན་ལ་བརྟེན་ནས་རིན་མེད་བརྟག་དཔྱད་ལས་དོན་ཏན་ཏིག་ངང་སྤེལ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་མ་བུ་བདེ་སྲུང་འཆར་ལྡན་བུ་བཙའ་ཞབས་ཞུ་ལྟེ་གནས་ཀྱིས་མཉམ་དུ་ཡོང་འབབ་དམའ་བའི་བུད་མེད་ཀྱི་ནུ་སྐྲན་དང་མངལ་སྐྲན་གཉིས་རིན་མེད་དུ་བརྟག་བཤེར་བྱེད་པའི་བྱེད་སྒོ་སྤེལ། འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་ཡིན་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཏུ་བསྐྱོད་དེ་ཞིབ་བཤེར་ཞབས་ཞུའི་ལས་ཀ་སྒྲུབ་པ་དང་ཐོ་འགོད། བརྟག་དཔྱད། འཕྲོད་བསྟེན་བློ་འདྲི་བཅས་ཕྱོགས་ཡོངས་ནས་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་པ་དང་ལོ་ཧྲིལ་པོར་ཁྱོན་བསྡོམས་མི་ཐེངས987ལ་བརྟག་དཔྱད་ལེགས་གྲུབ་བྱུང་། དུས་མཚུངས་སུ་བདེ་ཐང་དོ་དམ་ཡིག་ཚགས་བཟོས་ནས་བརྟག་དཔྱད་མཇུག་འབྲས་རྒྱུན་ལྡན་མིན་པའི་མི་སྣ་རྣམས་དུས་ཐོག་ཏུ་རྗེས་འདེད་འཚམས་འདྲི་བྱེད་པ་དང་། བསྐྱར་དཔྱད་སྨན་བཅོས་བྱ་རྒྱུར་དྲན་སྐུལ་ནན་པོ་བཏང་སྟེ། དམངས་ཕན་ཞབས་ཞུ་དོན་འཁྱོལ་མཐར་ཕྱིན་ཡོང་བར་བྱས།

རོགས་སྐྱོར་གནད་འཁེལ་གྱིས་བརྟག་དཔྱད་བྱས་ཏེ། རོགས་སྐྱོབ་ལས་དོན་ཐེངས་གཉིས་དོན་འཁྱོལ་བྱས། 2026ལོར་རོགས་སྐྱོབ་སྙན་ཞུ་དང་ཞིབ་བཤེར། ཡོངས་བསྒྲགས། སྤྲོད་ལེན་བཅས་ཀྱི་བརྒྱུད་རིམ་ཚད་ལྡན་ནན་པོ་བཟོས་ཏེ། ལོ་ཧྲིལ་པོར“སྐྲན་རིགས་གཉིས”ཕོག་པའི་བུད་མེད་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ཐེངས་གཉིས་ལ་སྤེལ་ནས། ཡོང་འབབ་དམའ་བའི་བུད་མེད་ནད་པ6ལ་ཁྱོན་བསྡོམས་སྒོར་ཁྲི6གི་རོགས་དངུལ་བརྩོན་ལེན་བྱས། གནད་སྨིན་བརྟག་དཔྱད་དང་ཞིབ་བཤེར་ནན་ཏན། ཐད་ཀར་སྤྲོད་པ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་རོགས་དངུལ་རྣམས་ཆེད་སྤྱོད་དུ་བེད་སྤྱོད་ཐུབ་པ་དང་ངོ་མའི་དཀའ་ངལ་ཡོད་མཁན་ཚོར་ཕན་པ་ཐོབ་པར་ཁག་ཐེག་བྱས་ཤིང་། ནད་གཞི་ལྕི་མོ་ཕོག་པའི་བུད་མེད་ཚོའི་ཁྱིམ་ཚང་གི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་སྟེ། བུད་མེད་ལྷན་ཚོགས་ཀྱི་ཐུགས་ཁུར་དེ་དངོས་གནས་དགོས་མཁོ་ཆེ་བའི་བུད་མེད་ཚོའི་གམ་དུ་བསྐྱལ།
ཁ་གཏད་རོགས་སྐྱོར་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། ཧྲན་ཏུང་གི“སྐྲན་རིགས་གཉིས”ཀྱི་འགན་བཅོལ་དོན་འཁྱོལ་བྱས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་ལས་གཞིའི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་པ་དང་། ཟླ7པར། ལེའོ་ཁྲེང་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱིས་རྐང་ཚ་རྫོང་གི་བུད་མེད་བདེ་ཐང་བྱ་གཞག་ལ་རྒྱབ་སྐྱོར་བླ་ལྷག་གནང་ནས། རྫོང་ཡོངས་ཀྱི་ལོ་ཚད་ལོན་པའི་བུད་མེད1612ལ“སྐྲན་རིགས་གཉིས”ཆེད་དོན་ཉེན་སྲུང་ཞལ་འདེབས་ཕུལ་བ་དང་སྤྱིའི་དངུལ་འབོར་སྒོར་ཁྲི3224ཟིན་ཡོད། སྤྱི་ཕན་ཉེན་སྲུང་ཆེན་པོ་ལག་བསྟར་བྱས་པ་དེས་འབྲོག་ཁུལ་གྱི་བུད་མེད་བདེ་ཐང་འགན་ལེན་ཐད་ཀྱི་ཞན་ཆ་སྔར་བས་ཁ་གསབ་ཐུབ་པར་མ་ཟད། “བརྟག་དཔྱད་ཞབས་ཞུ་ཡོད་པ་དང་ན་ཚ་བྱུང་ཚེ་རོགས་སྐྱོབ་ཡོད་པ། ཉེན་ཁ་མས་སྐྱོར་ཐུབ་པ”བཅས་རིམ་པ་མང་བའི་བུད་མེད་བདེ་ཐང་འགན་ལེན་མ་ལག་བསྐྲུན་ནས་རྒྱ་ཆེའི་བུད་མེད་ཚོའི་བདེ་ཐང་ལ་བདེ་འཇགས་སྲུང་སྐྱོབ་གདུགས་ཤིག་ཕུབ་པ་རེད། རྗེས་ཕྱོགས་སུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དེ“སྐྲན་རིགས་གཉིས”བརྟག་བཤེར་ལས་དོན་ཁག་དམ་འཛིན་ནན་པོ་བྱེད་པ་དང་དྲིལ་བསྒྲགས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བརྟག་བཤེར་རྗེས་འདེད་ཞབས་ཞུའི་ལས་ཀ་ཞིབ་ཚགས་སུ་གཏོང་བ། རོགས་སྐྱོབ་དང་ཉེན་སྲུང་སྲིད་ཇུས་གནད་འཁེལ་ངང་ལག་ལེན་བསྟར་བ། བུད་མེད་བདེ་ཐང་འགན་ལེན་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན།