网站无障碍
ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་ཀྱིས་མཐོ་སྒང་གི་ཆུ་རྒྱུན་གཙང་མར་སྲུང་སྐྱོབ་བྱས།

རྐང་ཚ་རྫོང་གིས་འོམ་དཀར་ཆུ་བོའི་འབབ་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་ཡོལ་ཇེ་བརྟན་དུ་བཏང་།
发布时间:2026年08月12日 消息来源:

རྩོམ་སྒྲིག་པ།  ལྷ་ཆེན།  ཡོང་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



འོམ་དཀར་ཆུ་བོ་ནི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་གཙོ་བོ་ཞིག་ཡིན་ཞིང་། དེས་ས་ཁུལ་གྱི་ཆུའི་ཐོན་ཁུངས་གསོ་སྐྱོང་དང་ས་ཆུ་སྲུང་འཛིན། གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་སྐྱེ་ཁམས་བྱེད་ནུས་གལ་ཆེན་མང་པོ་ཞིག་ཁུར་ནས་ཡོད། དེ་ནི་ས་ཁོངས་ཀྱི་སྐྱེ་ཁམས་དོ་མཉམ་རྒྱུན་འཁྱོངས་བྱེད་པ་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ཐེག་བྱེད་གལ་ཆེན་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱ་ཆེད། ལའོ་ཁྲིན་རོགས་སྐྱོར་ལས་བྱེད་དོ་དམ་ཚོགས་པས་རྒྱབ་སྐྱོར་བླ་མེད་འོག རྐང་ཚ་རྫོང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི1600ལྷག་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་བརྒྱུད། འོམ་དཀར་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས། རི་ཀླུང་མཚེའུ་ཡི་ལྗང་མདོག་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་ཏེ། འབབ་རྒྱུད་གནད་འཁེལ་ངང་བཅོས་སྐྱོང་བྱས་པ་བརྒྱུད་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

                          图片

གནད་འཁེལ་འཆར་འགོད་དང་འབེན་གཏད་ཐབས་ཇུས་ལག་བསྟར་བྱས་ཏེ། ཆུ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་ཞན་ཆ་གསབ། འོམ་དཀར་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བྱེད་ནུས་གནས་ངེས་གཏན་དང་། ཆུ་བོ་འབྲུབ་འགོག་བདེ་འཇགས་མཐའ་ཚད། དེ་བཞིན་མཚོ་སྔོན་པོའི་གསེར་སྲུང་སྐྱོབ་བྱེད་པའི་དངོས་ཡོད་དགོས་མཁོ་བཅས་ལ་གཞིགས་ནས། རྐང་ཚ་རྫོང་གིས་ཚན་རིག་དང་མཐུན་པར་གཅིག་གྱུར་བཀོད་སྒྲིག་དང་མ་ལག་ལྡན་པའི་སྒོ་ནས་འཆར་གཞི་བཀོད་དེ། ཚད་གཞི་མཐོ་བའི་ངང་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་པ་དང་། རིགས་དང་རྣམ་པ་རེ་རེ་བཞིན་དགར་ནས་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་གལ་ཆེན་ཁག་དོན་འཁྱོལ་བྱས། ལས་གཞི་དེས་ཆུ་ལམ་གྱི་བདེ་འཇགས་དང་སྐྱེ་ཁམས་སླར་གསོ་ཕྱོགས་གཉིས་ཀར་ཤུགས་བརྒྱབ་སྟེ། ངོགས་གཉིས་སུ་སྐྱེ་ཁམས་སྲུང་རགས་བསྐྲུན་པ་དང་ཡུར་འདྲེན་འཛུགས་སྐྲུན། རི་ངོས་ཇེ་བརྟན་དུ་གཏོང་བ། ས་ཁོངས་ཡོངས་ཀྱི་རྩི་ཤིང་སླར་གསོ། ལམ་ཐིག་ཧྲིལ་པོར་སྔོ་ལྗང་ཅན་དུ་བསྒྱུར་བ་སོགས་ལས་གྲྭའི་བྱ་ཐབས་མཉམ་དུ་སྤེལ་ཞིང་། ཉེན་ཁ་བརྟན་གཏོང་དང་སྐྱེ་ཁམས་ལྗང་མདོག་བསྐྱར་གསོ་ཟུང་འབྲེལ་དམ་ཟབ་བྱས་པ་བརྒྱུད་དུས་ཡུན་རིང་བོར་ལྷག་ལུས་ཐེབས་པའི་ཆུ་རྒྱུད་ཀྱི་སྐྱེ་ཁམས་ཉམས་ཞན་ལྷུ་ཚིགས་ཁ་གསབ་བྱས་ཤིང་། ཆུ་ལོག་སྔོན་འགོག་བདེ་འཇགས་བརྟན་པ་དང་སྐྱེ་ཁམས་ནུས་པ་ཆ་ཚང་བ། མི་སྡོད་ཁོར་ཡུག་སྐྱིད་པོ་ཡིན་པ་བཅས་ཀྱི་ཆུ་མ་ཆ་ཚང་ཞིག་བསྐྲུན། དུས་མཚུངས་སུ་ཆུ་ལོག་རྒྱུག་སྔོན་འགོག་དང་སྐྱེ་ཁམས་སླར་གསོ། ཆུའི་སྤུས་ཚད་ལེགས་སྒྱུར། སྐྱེ་དངོས་འཚོ་གནས་བྱེད་ས་བཅས་ཕྱོགས་བཞི་ནས་ཕན་འབྲས་བཟང་པོ་ཐོབ་ཡོད།

                           图片

མ་ལག་བཅོས་སྐྱོང་གིས་ཕྱོགས་མང་ནུས་པ་འདོན་སྤེལ་བྱས་ཏེ། འབབ་རྒྱུད་ཀྱི་སྐྱེ་ཁམས་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས། ཆུ་ལམ་དང་རགས་འགྲམ་དག་ཐེར་བྱེད་པ་དང་ས་རྡོ་ལྷོད་པོ་སྲ་བརྟན་དུ་གཏོང་བ། འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ནས། ཆུ་ལམ་གྱི་ཆུ་ལོག་རྒྱུག་ཚད་ནུས་ལྡན་ངང་མཐོ་རུ་བཏང་སྟེ། ངོགས་ངོས་ལ་བསླད་སྐྱོན་ཐེབས་པ་དང་རྡིབ་པ་སོགས་ཆར་དུས་ཀྱི་བདེ་འཇགས་ཉེན་ཁ་མེད་པར་བཟོས་ཤིང་། མཐའ་འཁོར་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱས། ས་ཁོངས་ཡོངས་ཀྱི་རྩི་ཤིང་སླར་གསོ་དང་རི་ལྡེབས་སྐྱེ་ཁམས་བསྒྱུར་བཀོད། ལམ་ཐིག་གི་སྔོ་ལྗང་སྤུས་ཀ་ལེགས་སུ་གཏོང་བ་སོགས་བྱེད་ཐབས་སྤྱད་དེ། འབབ་རྒྱུད་ཀྱི་རྩི་ཤིང་ཁེབས་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་བ་དང་། ས་རྒྱུ་ཤོར་བ་དང་ས་ཞིང་བྱེ་འགྱུར་གནད་དོན་བཀག་འགོག་ནུས་ལྡན་བྱས་པ། རླན་སའི་སྐྱེ་ཁམས་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཆུའི་འབྱུང་ཁུངས་གསོ་སྐྱོང་དང་ས་བཅུད་སྲུང་འཛིན། གནམ་གཤིས་སྙོམས་སྒྲིག་བྱེད་ནུས་ཁྱོན་ཡོངས་ནས་ཇེ་ཆེར་ཕྱིན་ཏེ་འབབ་རྒྱུད་ཀྱི་ཁོར་ཡུག་རྣམ་པ་མུ་མཐུད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ཆུ་ལམ་གྱི་སྐྱེ་ཁམས་བར་ཁྱམས་དང་རྩི་ཤིང་ཚགས་བཤེར་གཙང་སེལ་སོགས་སྐྱེ་ཁམས་ཐབས་ལམ་བེད་སྤྱད་དེ། ཁྱབ་ཁོངས་རང་བཞིན་གྱི་སྦགས་བཙོག་ཉུང་འཕྲི་དང་བྱེ་མ་གསོག་འཇོག་ཇེ་ཉུང་དུ་བཏང་ནས། ཆུ་ལམ་གྱི་ཕྱིར་ཐོན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་མཚོ་སྔོན་པོར་སྤུས་ལེགས་པའི་ཆུ་ཁུངས་མཁོ་སྤྲོད་ཐུབ་ཡོད་ལ། འབབ་རྒྱུད་ཧྲིལ་པོའི་སྐྱེ་ཁམས་དོ་མཉམ་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཐུབ་ཡོད།

ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པའི་འགན་འཁྲི་འཁུར་སེམས་ལག་ལེན་བསྟར་བ། འོམ་དཀར་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ནི་རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་མ་ཟད། ཧྲན་ཏུང་གིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་ཟབ་སྤེལ་བྱས་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་དམངས་ཚིས་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། ལས་གཞི་འཛུགས་སྐྲུན་བྱེད་པའི་རིང་ལ་ལེའོ་ཁྲེང་མཚོ་སྐྱོར་ལས་བྱེད་དོ་དམ་ཚོགས་ཆུང་གིས“རྐང་ཚ་མཁོ་བ་དང་ལེའོ་ཁྲེང་གིས་ནུས་པ”ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འོམ་དཀར་ཆུ་བོའི་འཐབ་ཇུས་གནས་བབ་གཞིར་བཟུང་སྟེ་འབབ་རྒྱུད་དུ་བྱུར་རྐྱེན་རྩད་ཞིབ་བྱས་པ་དང་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཤིང་། མཐོ་སྒང་གི་གནམ་གཤིས་དང་ཆུ་དཔྱད་ཆ་རྐྱེན་ཟུང་འབྲེལ་གྱིས་བཅོས་སྒྲིག་འཆར་གཞི་ཐེངས་མང་ལེགས་སྒྱུར་བྱས། དུས་མཚུངས་སུ་མ་དངུལ་དང་ཆོག་མཆན། ཨར་ལས། རྩིས་སྤྲོད་སོགས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ནན་པོ་བྱས་ཏེ་རྫོང་ཐད་གཏོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་རྗེས་སྙེག་མཛུབ་ཁྲིད་བྱས་ནས་བཟོ་སྐྲུན་སྤུས་ཚད་དང་སྐྱེ་ཁམས་སྲུང་སྐྱོབ། ཨར་ལས་བདེ་འཇགས་བཅས་ཚོད་འཛིན་ནན་མོ་བྱས་ཏེ། མཐོ་སྒང་དུ་རྩ་བ་ཚུགས་པའི་དངོས་སྒྲུབ་འགན་འཁྲིས་ལས་གཞི་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།