རྐང་ཚས་སྐྱེ་ཁམས་ཀྱི་རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱས་ནས་འབྲོག་ཁུལ་གྱི་ཕྱུག་འགྱུར་ལམ་བུ་གསར་པ་བཏིང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་དུ་བསྟར་ནས། མཚོ་སྐོར་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ། སྐྱེ་ཁམས་སྔོན་འགྲོ་དང་དམངས་ཚིས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། མ་ལག་ལྡན་པའི་བཅོས་སྐྱོང་བརྒྱུད་ནས་སྐྱེ་ཁམས་རྨང་གཞི་བརྟན་པོ་བཙུགས་པ་དང་། ཐོན་ལས་བསྒྱུར་བཀོད་ཀྱིས་སྐྱེ་ཁམས་རིན་ཐང་འདོན་སྤེལ་བྱེད་པ། ཡུན་ཕན་ལམ་སྲོལ་གྱིས་མཉམ་སྐྲུན་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་པ་རེད། དེས་སྐྱེ་ཁམས་སྲུང་སྐྱོང་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་གཉིས་གཏིང་ཟབ་ངང་ཟུང་འབྲེལ་བྱེད་པ་དང་ཕན་ཚུན་ནུས་པ་སྤྲོད་རེས་ཐུབ་པ་བྱུང་སྟེ། སྐྱེ་ཁམས་ཕན་འབྲས་དང་དམངས་ཚིས་ཀྱི་ཕན་འབྲས་མཉམ་དུ་མཐོར་འདེགས་གཏོང་ཐུབ་པའི་འབྲོག་ཁུལ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

མཚོ་སྐོར་གྱི་སྐྱེ་ཁམས་སྲུང་རགས་བརྟན་པོ་བཙུགས་ནས་དམངས་ཚིས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། མཚོ་སྔོན་པོའི་ཆུ་ཁུངས་གཙོ་བོ་ཡིན་པའི་ཆ་ནས་རྐང་ཚ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ནི་འཕེལ་རྒྱས་ཀྱི“མཐའ་ཚད”དང“ཚེ་སྲོག་གི་རྒྱུན་ཐག”ལྟ་བུར་བརྩིས་ནས། རི་ཆུ་ནགས་ཞིང་མཚོ་སྤང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་ལ་སྐུལ་འདེད་གཅིག་གྱུར་བྱས་ཏེ། “ལྔ་ཚན་བཅུ་བཞི”པའི་ཚུན་དུ་མ་དངུལ་སྒོར་དུང་ཕྱུར2.5ལྷག་བཏང་ནས་རིགས་སོ་སོའི་སྐྱེ་ཁམས་སླར་གསོའི་ལས་གཞི30ལྷག་ལག་བསྟར་བྱས། གཙང་མཚེའུ་དཔོན་དང་ནགས་རྩྭའི་དཔོན་གྱི་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་བརྒྱུད། འོམ་དཀར་ཆུ་བོ་དང་མཚོ་འཁྱིལ་ཆུ་བོའི་འབབ་རྒྱུད་བཅོས་སྐྱོང་མ་ལག་ཚང་བར་སྤེལ་བ་དང་། རླན་སའི་རྩི་ཤིང་སླར་གསོ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གསེར་ཉ་ལྡོག་རྐྱལ་གྱི་ལམ་ཁ་ཤར་གཏོང་ཐུབ་ཡོད། རྩྭ་ཕྱུགས་དོ་སྙོམས་དང་བཀག་སྡོམ་ངལ་གསོ་ལམ་ལུགས་གཏིང་ཟབ་ཏུ་སྤེལ་ནས། རྩྭ་སའི་ཐེག་ནུས་ཀྱི“མདོག་གསུམ་སྔོན་རྟོག”ལམ་སྲོལ་གསར་གཏོད་ཀྱིས་ཁྱབ་གདལ་གཏོང་བ་དང་། རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་དགོ་དམར་གནས་སྡོད་ཁུལ་བདག་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་བསྣན་པས་མཚོ་སྐོར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་དག་ཐེར་བྱེད་པ་དང་དྭངས་གཙང་དྲོད་རླངས་མཁོ་འདོན། མཚོ་འགྲམ་ལམ་ཐིག་ལྗང་སྒྱུར་སོགས་སྐྱེ་ཁམས་དམངས་ཕན་ལས་གྲྭ་མཉམ་དུ་ལག་བསྟར་བྱས་ཏེ་སྐྱེ་ཁམས་རྨང་གཞིར་སྲ་བརྟན་བཟོ་བའི་དུས་མཚུངས་སུ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྐྱེལ་ཡུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་ཁྱིམ་གཞིས་སྐྱིད་པོ་ཞིག་བསྲུངས་ཡོད།

སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་ལ་སྐུལ་འདེད་བཏང་ནས་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེར་བཏང་། མཐོ་སྒང་འབྲོག་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། “སྐྱེ་ཁམས+ཕྱུགས་ལས+ཡུལ་སྐོར”བཅས་ཟུང་འབྲེལ་གྱིས་མི་དམངས་ཕྱུག་འགྱུར་ཡོང་བའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། མུ་མཐུད་དུ་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དམངས་ཚིས་ཁེ་ཕན་དུ་བསྒྱུར་བཞིན་ཡོད། སྐྱེ་ཁམས་ཕྱུགས་ལས་ལེགས་བཅོས་མཐོར་འདེགས་བྱེད་པ། མཚོ་འཁྱིལ་ཡུལ་ཚོ་ཉིན་ཞ་སྡེ་བ་སོགས་དཔེ་སྟོན་གྲོང་སྡེ་སྣེ་ཁྲིད་དུ་བཟུང་སྟེ། གཞི་ཁྱོན་ཆེ་བའི་གསོ་སྤེལ་རྟེན་གཞི་བསྐྲུན་པ་དང་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་རྒྱུད་རིམ་རིང་དུ་བསྲིངས་ཤིང་། “རྐང་ཚའི་མཚོ་སྔོན་པོའི་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོའི་བོད་ལུག”ཅེས་པའི་ས་གནས་མཚོན་རྟགས་ཅན་གྱི་ཚོང་རྟགས་གྲགས་ཅན་བཟོས་ཡོད་ཅིང་། དུད་ཁྱིམ་མཉམ་འབྲེལ་གཉེར་སྐྱོང་དང་རྩྭ་ར་མ་རྐང་དུ་འཇོག་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། སྒོ་ཕྱུགས་ཉུང་འཕྲི་བྱས་ཀྱང་ཡོང་འབབ་མར་མི་ཆག་པ་དང་གྲངས་ཀ་ཇེ་ཉུང་དུ་བཏང་ཡང་ཡོང་འབབ་མར་མི་ཆག་པ་མངོན་འགྱུར་བྱུང་ཡོད། སྐྱེ་ཁམས་ཡུལ་སྐོར་རྒྱ་བསྐྱེད་ཀྱིས་ཡོང་སྒོ་ཇེ་མང་དུ་གཏོང་བ། ལྷ་མོ་ཁུག་དང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་སོགས་ཀྱི་རང་བྱུང་མཛེས་ལྗོངས་ལ་བརྟེན་པ་དང་། “ཡུལ་ལྗོངས་ཀྱིས་སྣེ་འཁྲིད་བྱེད་པ་དང་སྡེ་བ་ཐུན་མོང་གིས་འབྲེལ་མཐུད་བྱེད་པ། འབྲོག་པ་མང་ཚོགས་ཟབ་ཞུགས་བྱེད་པ”བཅས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་བཙུགས་ཏེ། དམངས་སྲོལ་ཉམས་ལེན་དང་སྐྱེ་ཁམས་སློབ་སྦྱོང་། མཚོ་སྔོན་པོ་བསྐོར་བའི་མགྲོན་ཁང་གསར་པ་སྐྱེད་སྲིང་བྱས་ཏེ་འབྲོག་པ་མང་ཚོགས་རྣམས་རང་གནས་སུ་ལས་ཞུགས་ཐུབ་པར་ཕན་ཐོགས་ཆེན་པོ་བྱས། ད་ལྟའི་བར་དུ། རྫོང་ཡོངས་ཀྱི་ལྗོངས་གཟིགས་གནས4ཡིས་མི་གྲངས320ལྷག་ལ་ལས་ཀ་སྤྲད་པ་དང་། ཉེ་འཁོར་གྱི་མང་ཚོགས9400ལྷག་ཙམ་ལས་རིགས་སྦྲེལ་ཐག་ནང་ཞུགས་ནས་ཡོང་འབབ་ཇེ་མང་དུ་ཕྱིན་ཡོད།


མཉམ་སྐྲུན་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་དང་དམངས་ཚིས་གཉིས་ཀར་རྒྱལ་ཁ་ཐོབ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྐྱེ་ཁམས་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཏེ། མཚོ་སྐོར་ལ་དུས་རྒྱུན་ལྟ་ཞིབ་བྱེད་པ་དང་གནད་དོན་དག་ཐེར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རྩྭ་ཕྱུགས་དོ་སྙོམས་དང་ཆུ་རྒྱུད་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་། ཡུལ་ཚོ་སོ་སོའི་ཐོན་ཁུངས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ། སྐྱེ་ཁམས་གསོ་སྤེལ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ། ནུས་ཁུངས་གཙང་མ་སོགས་ལས་གཞི་བཀོད་སྒྲིག་ལུགས་མཐུན་གྱིས་རིགས་གཅིག་རྐྱང་པ་འཕེལ་རྒྱས་གཏོང་བ་སྔོན་འགོག་གིས་སྐྱེ་ཁམས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་། མང་ཚོགས་ཞུགས་པར་སྐུལ་མ་གཏོང་བའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྐད་གཉིས་སྲིད་ཇུས་དྲིལ་བསྒྲགས་དང་སྐྱེ་ཁམས་ཚན་རིག་ཁྱབ་གདལ། སྐར་མ་བསགས་ཏེ་བྱ་དགའ་སྤྲོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་འབྲོག་པ་རྣམས་རྩྭ་ཐང་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྐྱོབ་པ། ཁོར་ཡུག་གཙང་སྤྲ་སོགས་ལས་དོན་ནང་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མང་ཚོགས་དེ“ལྟད་མོ་བལྟ་མཁན”ནས“ལག་ལེན་བསྟར་མཁན”དུ་བསྒྱུར་ནས་དམངས་ཡོངས་ཀྱིས་མཚོ་སྲུང་བ་དང་ལྗང་མདོག་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད། སྐྱེ་ཁམས་ལས་གཞི་དང་རྨང་གཞིའི་སྒྲིག་བཀོད་འཆར་འགོད་གཅིག་གྱུར་ལག་བསྟར་མཐའ་འཁྱོངས་བྱས་ཏེ། འབྲོག་ཁུལ་གྱི་གཞུང་ལམ་དང་འཐུང་ཆུ་སོགས་རྨང་གཞིའི་མཐུན་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ་མི་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་ཆ་རྐྱེན་སྲུང་སྐྱོང་། འཕེལ་རྒྱས་ཁྲོད་མཉམ་དུ་ཡར་རྒྱས་ཡོང་བར་བྱས་ནས་སྐྱེ་ཁམས་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་ཡོད།