“སེམས་དང་བསམ་པ་འདྲིས། ཕུགས་ཀྱི་འདུན་མ་འགྲུབ།”རྐང་ཚ་དང་ལེའོ་ཁྲིན་གྱི་གསར་བརྗེ་ཞིབ་འཇུག་མཉམ་འབྲེལ་བྱེད་སྒོ་མཇུག་སྒྲིལ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་དང་ཧྲན་ཏུང་ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་བའི་བརྩེ་སེམས་ཟབ་ཏུ་གཏོང་ཆེད། རྐང་ཚ་རྫོང་སློབ་གསོ་ཅུ་ཡིས་གཙོ་གཉེར་བྱས་པ་དང་། ཧྲན་ཏུང་ལེའོ་ཁྲིན་གྱིས་སྒྲུབ་འགན་འཁུར་བའི“སེམས་དང་བསམ་པ་འདྲེས། ཕུགས་ཀྱི་འདུན་མ་འགྲུབ།”རྐང་ཚ་དང་ལེའོ་ཁྲིན་གྱི་གསར་བརྗེ་ཞིབ་འཇུག་མཉམ་འབྲེལ་བྱེད་སྒོ་དེ་ཟླ8པའི་ཚེས17ཉིན་ནས་ཚེས20ཉིན་བར་ལེའོ་ཁྲིན་དུ་བདེ་བླག་ངང་སྤེལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་ནས་ཡོང་བའི་བོད་རིགས་སློབ་ཆུང་སློབ་མ20ཡིས་ཆུ་བོ་བྱང་ཕྱོགས་གྲོང་ཁྱེར་དུ་བསྐྱོད་དེ། ལེའོ་ཁྲིན་གསར་བརྗེ་གནས་རྙིང་དུ་སོང་ནསགསར་བརྗེ་ས་གནས་འཚོལ་ཞིབ་བྱས་ཤིང་། གསར་བརྗེའི་སྙིང་སྟོབས་མྱོང་རོལ་བྱས།

ཐེངས་འདིའི་སློབ་སྦྱོང་བྱེད་སྒོ་ནི་ཡུལ་དངོས་སུ་རྟོག་ཞིབ་དང་ཉམས་མྱོང་དངོས་ལ་བརྟེན་ནས་གསར་བརྗེ་རིག་གནས་དང་མི་ཆོས་བརྩེ་སེམས་གཏིང་ཟབ་ངང་སློབ་སྦྱོང་སྤེལ་རེས་ཀྱི་བརྒྱུད་རིམ་ནང་འདྲེས་པར་བྱས་ཏེ། ན་གཞོན་ཚོས་ལིའོ་ཁྲིན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་མཚོ་སྔོན་དང་ཧྲན་ཏུང་ས་ཁུལ་གཉིས་བར་གྱི་བརྩེ་དུང་བརྟན་པོ་འཛུགས་རྒྱུར་རྒྱབ་སྐྱོར་བླ་ལྷག་བྱས་པ་རེད། བྱེད་སྒོའི་རིང་ལ། སློབ་སྦྱོང་ཚོགས་པ་སྔ་རྗེས་སུ་བློ་མཐུན་ཁུང་ཧྥན་སིན་དྲན་གསོ་ཁང་དང་ལིའུ་ཏེང་དམག་དཔུང་གིས་རྨ་ཆུ་བརྒལ་བའི་དམག་འཐབ་དྲན་གསོའི་གླིང་ཀ ཀྲུང་གོ་གུང་ཁྲན་ཏང་གི་ཅི་ལུའུ་ཡུའུ(ཕིང་ཡོན)ཡན་ལག་ཅུའི་གནས་རྙིང་། ཀྲུང་གུང་ཧྲན་ཏུང་ནུབ་བྱང་ས་གནས་ཨུ་ཡོན་ལྷན་ཁང་གི་གནས་རྙིང་བཅས་སུ་བསྐྱོད་དེ། སློབ་ཕྱིའི་སློབ་ཁྲིད་དེ་གསར་བརྗེ་སློབ་གསོ་རྟེན་གཞི་དང་རིག་གནས་འགྲེམས་སྟོན་ཁང་དུ་སྤོས་ཤིང་། དཔེ་དེབ་ཐོག་གི་ལོ་རྒྱུས་དངོས་ཡོད་སློབ་ཚན་དུ་བསྒྱུར་ནས་མྱོང་རོལ་རྣམ་པའི་གསར་བརྗེ་སློབ་སྦྱོང་ལག་ལེན་སྤེལ།


ཞིབ་འཇུག་སློབ་སྦྱོང་ཚོགས་པའི་དགེ་སློབ་རྣམས་ཀྱིས་ཁུང་ཧྥན་སིན་གྱི་གཏམ་རྒྱུད་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། བོད་སྐྱོར་ལས་བྱེད་པའི་ཉམས་མྱོང་ངོ་མ་གསོན་ཉམས་ལྡན་པར་མཚོན་ཆེད། ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ས་ཚིགས་དང་པོ་ནི་བློ་མཐུན་ཁུང་ཧྥན་སིན་དྲན་གསོ་ཁང་དུ་བཀོད་སྒྲིག་བྱས་ཡོད། འགྲེམས་སྟོན་ནང་བློ་མཐུན་ཁུང་ཧྥན་སིན་སྐུ་འཚོ་བཞུགས་སྐབས་ཀྱི་ཉེར་སྤྱོད་དངོས་པོ་དང་བརྙན་པར། འཕྲིན་ཡིག་སོགས་བཤམས་ཡོད་ལ། འགྲེལ་བཤད་པས་གོ་བདེ་ཞིང་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་གནང་སྟེ། ཞིབ་འཇུག་སློབ་སྦྱོང་ཚོགས་པའི་དགེ་སློབ་ཚོར་བོད་སྐྱོར་ལས་བྱེད་པ་བློ་མཐུན་ཁུང་ཧྥན་སིན་གྱི་སྐུ་ཚེ་ཧྲིལ་པོར་རྒྱུས་མངའ་བྱུང་བར་མ་ཟད། མཚོ་སྔོན་དང་ཧྲན་ཏུང་ས་ཁུལ་གཉིས་དབར་ས་ཐག་རིང་པོས་ཆོད་ཀྱང་སེམས་པ་གཅིག་ཏུ་སྦྲེལ་བ་དང་ཕན་ཚུན་རོགས་རམ་བྱེད་པའི་བརྩེ་སེམས་རྣམ་དག་མྱོང་ཚོར་བྱུང་ཡོད། ཞིབ་འཇུག་སློབ་སྦྱོང་བྱེད་མཁན་སློབ་མ་བཀྲ་ཤིས་མགོན་སྐྱིད་སེམས་འགུལ་ཐེབས་བཞིན་དུ“ངས་ཉན་ཆས་དེ་མཐོང་བྱུང་། དཔེ་དེབ་ཐོག་ཏུ་ཨ་ཁུ་ཁུང་ཧྥན་སིན་གྱིས་དེའི་སྦུ་གུ་བརྒྱུད་ནས་བོད་ཁུལ་གྱི་རྒན་མོ་ཞིག་གི་ཁ་ལུད་འཇིབ་མྱོང་ཞེས་བྲིས་འདུག”ཅེས་བརྗོད་པ་རེད། ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེས་སློབ་དེབ་སྟེང་གི་ཤེས་བྱ་དངོས་སུ་ལག་ལེན་བསྟར་ནས། ལོ་རྒྱུས་ཀྱི་གཏམ་རྒྱུད་དེ་དག་ཤེས་རྟོགས་ཐུབ་པ་དང་ཚོར་བ་གསལ་པོ་ཡོང་བར་བྱས་པ་རེད།

དབྱང་ཀུའུ་རྫོང་དུ་ཡོད་པའི་ལིའུ་ཏེང་དམག་དཔུང་གིས་རྨ་ཆུ་བརྒལ་བའི་དམག་འཐབ་དྲན་གསོ་གླིང་དུ། དགེ་སློབ་རྣམས་ཀྱིས་དྲན་རྟེན་ཁང་ལ་ལྟ་སྐོར་དང་ཆུ་བོ་བརྒལ་སའི་བཀོད་འདོམས་པུའུ་གནས་རྙིང་ལ་རྟོག་ཞིབ་བྱས་ཏེ། འགྲེལ་བཤད་ཁྲོད1947ལོར་ལིའུ་ཏེང་དམག་དཔུང་གིས་རྨ་ཆུའི་འགག་འཕྲང་བརྒལ་བ་དང་མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཇུས་རྒོལ་ལན་གྱི་འགོ་བརྩམས་པའི་ལོ་རྒྱུས་གཟི་བརྗིད་ཅན་དེར་ཕྱིར་མིག་བལྟས་པ་རེད། ལོ་རྒྱུས་ཀྱི་དངོས་རྫས་རེ་རེ་བཞིན་དང་པར་རིས་རྙིང་པ་རེ་རེས་གསར་བརྗེ་སྔོན་བྱོན་པ་ཚོས་དཀའ་ངལ་ཁྱད་བསད་དང་ཁྲག་བཏོན་འཐབ་རྩོད་བྱེད་པའི་རྣམ་པ་གསོན་ཉམས་དོད་པོ་ཞིག་བསྐྱར་དུ་མངོན་པར་བྱས་པ་དེས་ཚང་མར་བཅིངས་འགྲོལ་དམག་འཁྲུག་རླབས་ཆེ་ཞིང་རྔམ་བརྗིད་ལྡན་པའི་བརྒྱུད་རིམ་དངོས་སུ་མྱོང་ཚོར་ཐུབ་ཡོད།

ཞིན་རྫོང་དུ་ཡོད་པའི་ཀྲུང་གུང་ཅི་ལུའུ་ཡུའུ(ཕིང་ཡོན)ཡན་ལག་ཅུ་གནས་རྙིང་དུ། ཞིབ་འཇུག་སློབ་སྦྱོང་ཚོགས་པས་ཅི་ལུའུ་ཡུའུ་རི་འགོག་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་བྱུང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱས་པ་དང་། དགྲ་རྒྱབ་རྟེན་གཞིའི་དམག་དམངས་མཐུན་སྒྲིལ་གྱིས་དཔའ་ངར་ཆེན་པོས་དགྲ་བོ་འགོག་པའི“ཐང་གཤོངས་ལྕགས་རི”ཡི་སྙིང་སྟོབས་མྱོང་ཚོར་བྱས། ཀོན་རྫོང་གི་ཀྲུང་གུང་ཧྲན་ཏུང་ནུབ་བྱང་ས་གནས་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དུ། ཆིང་རྒྱལ་རབས་མཇུག་མིན་རྒྱལ་རབས་ཀྱི་མགོར་བསྐྲུན་པའི་གནའ་བོའི་བཟོ་བཀོད་ནང་གསར་བརྗེའི་དུས་སྐབས་ཀྱི་རྩ་ཆེའི་དངོས་རྫས་ཉར་ཚགས་བྱས་ཡོད་པ་དང་། དགེ་སློབ་རྣམས་ཀྱིས་གསར་བརྗེ་རྒན་རབས་པ་ཚོས་འདིར་ལས་ཀ་བྱེད་ཅིང་འཐབ་འཛིང་གནང་བའི་རྗེས་ཤུལ་བཙལ་ཏེ། ཧྲན་ཏུང་ནུབ་བྱང་ས་ཁུལ་གྱི་གསར་བརྗེ་དྲན་ཤེས་བསྐྱར་སྦྱོང་བྱས།
དམར་དམག་ལོ་རྒྱུས་སློབ་སྦྱོང་ལས་གཞན། ཞིབ་འཇུག་ཚོགས་པ་ད་དུང་ཀྲུང་གོའི་ཆུ་ལམ་རིག་གནས་རྟེན་མཛོད་ཁང་དུ་བསྐྱོད་དེ། ཟོང་འདྲེན་ཆུ་བོ་ཆེན་པོ་དང་རྨ་ཆུ་གཉིས་མཉམ་དུ་འདྲེས་ནས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ལོ་ངོ་སྟོང་ཕྲག་རིང་གི་གྲུ་གཟིངས་སྐྱེལ་འདྲེན་གྱི་ལོ་རྒྱུས་དང་དམངས་སྲོལ་གོམས་གཤིས་ཉམས་སུ་མྱོང་ཞིང་། སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་རྨང་གཞི་བརྟན་པོ་ཚོར་ཐུབ་པ་བྱུང་བ་རེད། ལེའོ་ཁྲིན་སློབ་འབྲིང་གསུམ་པའི་འགྲེམས་སྟོན་ཁང་དུ། ཞིབ་འཇུག་ཚོགས་པའི་དགེ་སློབ་རྣམས་ཀྱིས་མཚོ་སྔོན་འཛིན་གྲྭ་རིམ་བྱོན་གྱིས་བཞག་པའི་བརྙན་པར་དང་འཕྲིན་ཡིག་སོགས་ལ་བལྟས་ཏེ། ཧྲན་ཏུང་དང་མཚོ་སྔོན་མཉམ་འབྲེལ་སློབ་གསོ་ཡི་གྲུབ་འབྲས་གཡུར་ཟ་བ་དངོས་སུ་མྱོང་ཚོར་བྱས་ཤིང་། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་སྔར་ལས་ཇེ་བརྟན་དུ་བཏང་།


དཔེ་ཆ་ཁྲི་ཕྲག་ཀློག ལེ་དབར་སྟོང་ཕྲག་བགྲོད། མཚོ་སྔོན་རྐང་ཚ་ནས་ཧྲན་ཏུང་གི་ལིའོ་ཁྲེང་བར་དུ་སྤྱི་ལེ2000གིས་ཆོད་ཀྱང་། མཉམ་འཛོམས་ཀྱི་འགྲུལ་བཞུད་འདི་ནི་གསར་བརྗེའི་རྒྱུད་རྒྱུ་བརླན་པའི་བསམ་བློའི་འགྲུལ་བཞུད་ཅིག་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་སྤེལ་རེས་ཀྱི་འགྲུལ་བཞུད་ཀྱང་ཡིན། མཚོ་སྔོན་རྐང་ཚའི་གཞོན་ནུ་རྣམས་མཐོ་སྒང་ལས་ཕྱིར་ཐོན་ཏེ། ཧྲན་ཏུང་་ནུབ་ཁུལ་གྱི་གསར་བརྗེ་རིག་གནས་དང་གཙང་བོའི་དཔལ་ཡོན་དངོས་སུ་མྱོང་ཚོར་བྱེད་པ་དང་། འགྲོ་ཞོར་དུ་ཏང་གི་ལོ་རྒྱུས་སྦྱོང་བ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། གཤིས་སྤྱོད་སྦྱོང་བརྡར་བྱེད་ཀྱིན་ཡོད། དེ་དང་མཉམ་དུ་མཚོ་སྔོན་དང་ཧྲན་ཏུང་གཉིས་ཀྱི་ན་གཞོན་ཕན་ཚུན་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་ཞིག་བཙུགས་ཤིང་། མི་རིགས་སོ་སོའི་ན་གཞོན་རྣམས་ལ་སློབ་སྦྱོང་བརྗེ་རེས་དང་ཤེས་རྟོགས་མཛའ་བརྩེ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ན་གཞོན་ཚོའི་སེམས་ཁམས་སུ་རྩ་བ་ཚུགས་པར་བྱས་ཡོད།


རྐང་ཚ་རྫོང་སློབ་གསོ་ཅུ་ཡི་བོད་སྐྱོར་ལས་བྱེད་པ་གཞོན་པ་ཀྲོའུ་ཙུང་ཆོན་གྱིས་བཤད་དོན། ཐེངས་འདིའི་སློབ་སྦྱོང་ཞིབ་འཇུག་གི་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ། ལེའོ་ཁྲིན་དངརྐང་ཚ་ས་ཁུལ་གཉིས་ཀྱིས་མུ་མཐུད་དུ་བོད་ཁུལ་རོགས་སྐྱོར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་བར་རྒྱུན་ལྡན་རང་བཞིན་གྱི་སྤེལ་རེས་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ཏེ། གསར་བརྗེ་རྒྱུད་རྒྱུ་རྒྱུན་འཛིན་བྱེད་པ་དང་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྡུད་པ། རྒྱ་ཆེའི་གཞོན་ནུ་རྣམས་ལ་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་སྐྱེད་དུ་འཇུག་ཅིང་། འབད་བརྩོན་ལྷོད་མེད་བྱེད་པའི་གཤིས་རྒྱུད་བཟང་པོ་སྐྱེད་སྲིང་བྱས་ནས་གསར་བརྗེ་སྙིང་སྟོབས་དེ་ཉིད་འཚར་ལོངས་བྱུང་བའི་སྒུལ་ཤུགས་སུ་བསྒྱུར་ཏེ་རི་ཆུ་ཁ་སྤྲོད་ལྟ་བུའི་མཐུན་སྒྲིལ་དམ་ཟབ་དང་མི་རིགས་མཐུན་སྒྲིལ་གྱི་ལང་ཚོ་གསར་པ་འབྲི་རྒྱུ་ཡིན་ཟེར།