རོང་འབྲོག་མང་ཚོགས་ལུས་རྩལ་འགྲན་ཚོགས་ཀྱིས་མཚོ་སྔོན་པོའི་མཐའ་ལུང་འབྲོག་རུའི་རིག་གནས་ཀྱི་ཉམས་འགྱུར་མངོན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས24ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་དང་། རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཏང་ཨུ་སྲིད་སྲིང་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་པོའི་མཐའ་ལུང་འབྲོག་རུའི་རིག་གནས(མཚོ་བྱང་རྐང་ཚ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གྱི་ཉམས་ལེན་འགྲེམ་གཟིགས་དང་དཔལ་དགེ་གྲོང་རྡལ་གྱི་རོང་འབྲོག་མང་ཚོགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་བ་འགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ8པའི་ཚེས26བར་དུ་རྒྱུན་མཐུད་བྱ་རྒྱུ་རེད། བྱེད་སྒོ་ལས“ཏང་ལ་བསྟོད་བསྔགས་དང་དམངས་ཕན། འབྲོག་རུའི་རིག་གནས་འགྲེམ་གཟིགས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ། དཔལ་དགེ་གྲོང་རྡལ་གྱི་མཚོ་སྔོན་པོའི་མཐའ་ལུང་གི་ཁྱད་ཆོས་གཞིར་བྱས་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་། མཚོ་སྔོན་པོའི་མཐའ་ལུང་འབྲོག་རུའི་རིག་གནས་རྒྱུན་འཛིན་གྱི་མཐའ་ཐིག་དམ་པོར་ཟུང་འབྲེལ་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོད་རྒྱུ་བཅས་ལྟེ་བར་བཟུང་སྟེ་སྐྱེ་ཁམས་དྲིལ་སྒྲོག་དང་། དམངས་སྲོལ་ཉམས་ལེན། ཤུལ་བཞག་རིག་གནས་འགྲེམས་སྟོན། རིག་གནས་གནས་སྐོར་མཉམ་འདྲེས། མི་རིགས་མཐུན་སྒྲིལ་སྤེལ་རེས་བཅས་ཀྱི་ནང་དོན་ཆེན་པོ་ལྔ་ལ་དམིགས་ནས། དགོ་དམར་གྲོང་རྡལ་གྱི་སྲོལ་གསར་མི་རིགས་ཞབས་བྲོའི་འགྲན་བསྡུར་ཆེན་མོ་དང་། མཚོ་སྔོན་པོའི་མཐའ་ལུང་འབྲོག་རུའི་སྦྲ་ནག་འགྲན་བསྡུར། རྒྱན་གོས་རྒྱས་གཤོམ་སོགས་ཀྱི་འགྲན་བསྡུར་བཀོད་སྒྲིག་བྱས་ཡོད་པ་དང་། དེས་དཔལ་དགེ་གྲོང་རྡལ་གྱི་འབྲོག་རུའི་རིག་གནས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ནས“སྐར་ཚོམ་ལ་ལྟ་བ·དགོ་བའི་རྡལ་ཆུང་གྲས”ཀྱི་ཁྱད་ལྡན་རིག་གནས་སྤུས་རྟགས་རྒྱུན་མཐུད་ངང་གསལ་སྟོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་སྲོལ་རིག་གནས་མཉམ་གནས་ཐུན་མོང་སྒོས་དར་རྒྱས་ཡོང་བར་སྐུལ་འདེད་བྱས་ནས་མཚོ་སྔོན་པོའི་མཐའ་ལུང་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་རྒྱུ་དང་། མཚོ་སྔོན་པོའི་མཐའ་ལུང་གི་ཁྱད་ལྡན་འབྲོག་རུའི་རིག་གནས་འགྲེམ་གཟིགས་དང་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་བཙུགས།

བྱེད་སྒོའི་ཡུལ་དངོས། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཝང་ཅིན་གྱིས་པར་བླངས།
