རྐང་ཚའི་ན་གཞོན༣༧མཐོ་སྒང་ནས་རྒྱང་དུ་ཆས་ཏེ་མིག་རྒྱ་བསྐྱེད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། གུང་གཞོན་ཚོགས་པ་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི2026ལོའི་མཚོ་སྔོན་དང་ཧྲན་ཏུང་གི་གཞོན་ནུ་ལོ་ཆུང་གི“སེ་འབྲུའི་འབྲུ་གུ་ཁྱིམ་ཚང་གཅིག་ལྟར་མཐུན”ཞེས་པའི་དབྱར་སྒར་བྱེད་སྒོ་བདེ་བླག་ངང་མཇུག་བསྒྲིལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ཡོང་བའི་རུ་མི་ཆུང་ཆུང37གྱིས་འགྲོ་ཞོར་དུ་མིག་རྒྱ་བསྐྱེད་པ་དང་ལྟ་སྐོར་ཁྲོད་ཤེས་བྱ་འཕེལ་བར་བྱས་པར་མ་ཟད། སྤེལ་རེས་ཁྲོད་མཛའ་བརྩེ་ཟབ་ཏུ་བཏང་སྟེ། མི་རིགས་སོ་སོའི་བྱིས་པ་ཕན་ཚུན་ལག་རྡང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བཏིང་།
སློབ་གྲྭ་གྲགས་ཅན་ལ་འཚམས་འདྲི་བྱས་ཏེ། ལིང་ནན་རིག་གནས་རྒྱུན་འཛིན་བྱས།
སློབ་མ་རྣམས་ཀོང་ཀྲོའུ་སློབ་ཆེན་དུ་བསྐྱོད་དེ། དཔེ་མཛོད་ཁང་དང་སློབ་ཁྲིད་ཐོག་ཁང་། ཚོད་ལྟ་ཁང་། སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་། ལུས་རྩལ་ཐང་སོགས་ཁྱད་ཆོས་ལྡན་པའི་གནས་ཡུལ་ཁག་ཏུ་ལྟ་སྐོར་བྱས་ནས། ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་གྱི་སློབ་གཉེར་ཁོར་ཡུག་ཟབ་མོ་དངོས་སུ་མྱོང་ཚོར་བྱས་པ་དང་། སློབ་རའི་རྣམ་པ་དང་རིག་ཚན་བཀོད་སྒྲིག དེ་བཞིན་མཐོ་རིམ་སློབ་མའི་འཚོ་བ་བཅས་རྒྱུས་མངའ་ལོན་པར་བྱས། བགྲོ་གླེང་སློབ་ཚན་ནང་དུ། དགེ་རྒན་ཆེན་མོ་དང་སློབ་གྲོགས་རྒན་པ་ཚོས་ཆེད་དོན་མཉམ་སྤྱོད་གནང་བར་མ་ཟད། དྲི་བ་དྲིས་ལན་དང་ཚོགས་ཆུང་གྲོས་བསྡུར་བརྒྱུད་ནས་གཞོན་ནུ་ལོ་ཆུང་གི་སེམས་སུ་ཕུགས་བསམ་མངོན་འགྱུར་བྱེད་པའི་ས་བོན་བཏབ། བཟོ་སྐྲུན་རིག་ནུས་འགྲེམས་ཁུལ་དུ་ཕྱིན་ཏེ། ཐོན་རྫས་ཀྱི་ཚོགས་པ་དང་མཉེན་གཤིས་ཐོན་སྐྱེད་ལམ་ཐིག ནུས་རྒྱུ་གསར་པའི་ས་ཁུལ་སོགས་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་ཞིང་། AGVརིག་ནུས་ཟོག་འདྲེན་མ་ལག་དངAIསྤུས་ཚད་ཞིབ་བཤེར་འཕྲུལ་ཆས། བཟོ་ལས་འཕྲུལ་ཆས་མི་གཟུགས་ལག་རྩལ་སྔོན་ཐོན་ཅན་སོགས་ཉམས་ལེན་གཏིང་ཟབ་མོ་བྱས། མཚན་མོར་ཀོང་ཀྲུའུ་མཆོད་རྟེན་སྟེང་འཛེགས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་འགྲན་ཚོགས་རིག་གནས་འགྲེམ་སྟོན་དང་གྲོང་ཁྱེར་འཆར་འགོད་དངོས་བརྙན་ལ་ལྟོས་པ་དང་། ཀྲུའུ་ཅང་གཙང་པོའི་མཚན་མོ་གྲུ་གཟིངས་འགྲུལ་བཞུད་དང་གློག་འོད་འཁྲབ་སྟོན་ལ་རོལ་མྱོང་བྱས་སྟེ། གཙང་གཅིག་ངོགས་གཉིས་ཀྱི་མཛེས་ལྗོངས་ཁྲོད་གྲོང་ཁྱེར་འཕེལ་རྒྱས་དང་ཚན་རྩལ་གྱི་བརྗིད་ཉམས་ལ་རོལ།

ཚན་རྩལ་གྱིས་སློབ་མ་ཚོའི་ཡིད་དབང་ཅིག་ཅར་དུ་འཕྲོག
བཟོ་ལས་ལ་ཞིབ་འཇུག་དང་ཚན་རྩལ་གྱིས་མི་རྒྱ་བསྐྱེད།
སློབ་སྦྱོང་གི་བརྒྱུད་རིམ་ནང་། སློབ་མ་རྣམས་ཀྱིས་ཚན་རིག་འཚོལ་ཞིབ་དང་ཤུལ་བཞག་རིག་གནས་བྱིང་སིམ་རྣམ་པའི་ཉམས་ལེན་བྱེད་བཞིན་ཡོད། ཧྲེན་ཀྲེན་ཚན་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་ཚོད་ལྟ་དང་གསར་རྙེད། འགྲིམ་འགྲུལ་འཇིག་རྟེན། སྐར་ཚོགས་སྙེག་པ་སོགས་ཀྱི་བརྗོད་དོན་གཙོ་གནད་འགྲེམས་སྟོན་ཁུལ་ཁག་ཏུ་ལྟ་སྐོར་བྱས་པ་དང་། མི་མེད་མ་ལག་དང་བར་སྣང་གྲུ་གཟིངས་ལད་ཟློས། གློག་ཤུགས་མཐོ་བའི་འཕྲོ་འགྱེད་སོགས་སྤྲོ་སྣང་ལྡན་པའི་ཚན་རྩལ་རྣམ་གྲངས་ཉམས་སུ་མྱོང་ཞིང་། ལག་ལེན་དངོས་བརྒྱུད་ནས་ཚན་རྩལ་ཀུན་སྤྱོད་མྱོང་ཚོར་བྱས། དེ་ནས་ལིང་ནན་མཛེས་ལྗོངས་གླིང་དུ་སོང་དེ། བརྗིད་རྔམ་ལྡན་པའི་ཀོང་ཧྥུ་སེང་རྩེད་ཤུལ་བཞག་རིག་གནས་འཁྲབ་སྟོན་ལྟོས་པ་དང་། སེང་རྩེད་ཉམས་ལེན་སློབ་ཚན་ནང་ཞུགས་ཏེ་རྨང་གཞིའི་གོམ་སྟབས་དང་རྔ་རྡུང་སྟངས་སྦྱངས། ཚང་མ་ལིང་ནན་སྡོད་ཁང་རྙིང་པ་དང་ཤུལ་བཞག་རིག་གནས་ལས་ཁུངས། དམངས་སྲོལ་སྲང་ལམ། ཡུའེ་རིགས་ཟློས་གར་སྡིངས་ཆ་བཅས་བརྒྱུད་དེ་སློབ་ཁྲིད་དགེ་རྒན་གྱིས་སྣེ་ཁྲིད་འོག་ལམ་བར་དུ་སློབ་སྦྱོང་བྱས་ཤིང་། ལིང་ནན་བཟོ་སྐྲུན་ལག་རྩལ་དང་ཡུལ་སྲོལ་གོམས་གཤིས་དེ་བཞིན་ཀོང་ཧྥུ་སྲོལ་རྒྱུན་རིག་གནས་གཏིང་ཟབ་ཤེས་རྟོགས་བྱུང་བར་མ་ཟད། ཐུན་མོང་མ་ཡིན་པཀྲུང་ཧྭའི་ཤུལ་བཞག་རིག་གནས་ཀྱི་ཁྱད་ཆོས་དངོས་སུ་མྱོང་རོལ་ཐུབ་ཡོད།
ཕུགས་འདུན་སྙེགས། དམག་དཔུང་སྟོབས།
མཚོ་དམག་གི་གྲུ་གཟིངས་ག་གེ་མོ་ཤིག་ལ་འཛེགས་ནས། གྲུ་དཔོན་གྱི་སྣེ་ཁྲིད་འོག་བྱིས་པ་རྣམས་ཀྱིས་དམག་མི་ཚོའི་གྲལ་དག་པའི་འཚོ་བ་དང་གོ་རིམ་ལྡན་པའི་ནང་སྲིད་ལས་དོན་ལ་ལྟ་སྐོར་བྱས། གྲུ་ཡི་ནང་ལོག་གྲལ་འགྲིག་པོ་དང་ཁང་མིག་གོ་རིམ་ལྡན་པས་མི་ཚང་མར་མཚོ་དམག་གིས་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་སྤྱོད་ཚུལ་བཟང་པོ་དངོས་སུ་མྱོང་ཚོར་བྱུང་། འཕུར་སྐྱོད་སྟེགས་བུ་ཡངས་ཤིང་རྒྱ་ཆེ་བ་དེར་སླེབས་ནས་འགྲེལ་བཤད་མཁན་གྱིས་གནམ་གྲུ་འབབ་སའི་སྒྲིག་བཀོད་དང་འབབ་འཕུར་ལས་རིམ། དེ་བཞིན་གྲུ་གཟིངས་རྒྱ་མཚོར་བསྐྱོད་སྟངས་དང་སྐམ་སར་སྐྱེལ་འདྲེན་བྱེད་སྟངས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་པར་ཉན་ཏེ། རྒྱ་མཚོ་ཆེན་པོའི་སྟེང་གི་གྲུ་གཟིངས་ཆེན་པོ་དེའི་སྟོབས་ཤུགས་དྲག་པོ་དང་མི་དམངས་མཚོ་དམག་གིས་རྒྱལ་ཁབ་སྲུང་སྐྱོབ་བྱེད་པའི་ནུས་པ་སྟོབས་ཆེ་བ་ཚོར་སྣང་ཟབ་མོ་སྐྱེས། དེ་ནས་ཧྲེན་ཀྲེན་དམག་དོན་རྟེན་གཞིར་འབྱོར་རྗེས། དམག་འཐབ་འཁོར་ལོ་གཙོ་བོ་སྣ་ཚོགས་དང་ཁྲབ་འཁོར་མེ་སྒྱོགས་བཅས་གྲལ་བསྒྲིགས་སུ་བཞག་ཡོད་ལ། དགེ་རྒན་གྱིས་སྐམ་སའི་ཐོག་སྤྱོད་པའི་མཚོན་ཆ་ཁག་གི་འཕེལ་རིམ་དང་བེད་སྤྱོད་ཚུལ་ཞིབ་ཕྲ་བཤད་པ་དང་། སློབ་མ་ཚོས་རྣོ་ལྕགས་ཀྱི་འཕྲུལ་ཆས་དེ་དག་ཐག་ཉེ་སར་བལྟས་ཏེ་དྲི་བ་དྲིས་ལན་བྱས་པས། སྐམ་སའི་རྒྱལ་སྲུང་ནུས་པར་ཐད་ཀར་ངོས་འཛིན་ཐུབ། སྐམ་ས་དང་ཆུ་ངོས་གཉིས་ཀར་མཐོང་རྒྱུ་ཡོད་པའི་སློབ་སྦྱོང་དངོས་དེས་རྒྱལ་སྲུང་རིག་པའི་གཞུང་ལུགས་དེ་མངོན་སུམ་མྱོང་ཐུབ་པར་བསྒྱུར་ཞིང་། སློབ་ཕྲུག་ཚོའི་ཤེས་རྒྱ་ཆེ་རུ་བཏང་བར་མ་ཟད། དམག་བཀུར་རྒྱལ་གཅེས་ཀྱི་ས་བོན་ཡང་སེམས་གཏིང་དུ་བཏབ་སྟེ། གཞོན་ནུ་ལོ་ཆུང་ཚོ་རྒྱལ་ཁབ་དང་དམག་དཔུང་དར་རྒྱས་ཡོང་བར་དམིགས་པའི་ཕུགས་བསམ་བརྟན་པོ་འཆང་རྒྱུར་ཁྲིད་སྟོན་བྱས།
ཚན་རྩལ་གྱིས་རྨི་ལམ་བསྐྲུན། པེན་ཧེ་རུ་རྗེས་ཤུལ་བཙལ།
ཚན་རིག་འཚོལ་ཞིབ་དང་རྒྱ་མཚོའི་ལག་ལེན་ཟུང་འབྲེལ་བྱས་ཡོད། འགྲེམས་སྟོན་ཁང་གསར་པར་འཛུལ་ནས་རུ་མི་ཚོས་རྒྱུ་ཆ་རིག་པ་དང་ཚེ་སྲོག་ཚན་རིག མིས་བཟོས་རིག་ནུས་དང་འཕྲུལ་མི། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སོགས་ཀྱི་སྡེ་ཚན་ལ་ལྟ་སྐོར་བྱས་པར་མ་ཟད། ཕན་ཚུན་འབྲེལ་མཐུད་སྒྲིག་ཆས་བརྒྱུད་སྒྲ་འོད་གློག་ཤུགས་ཀྱི་རྩ་བའི་རིགས་པ་མྱོང་ཚོར་བྱས་པ་དང་ཚན་རིག་ཚོད་ལྟ་བྱེད་སྒོར་ཞུགས། ལག་འགུལ་བཀོལ་སྤྱོད་ཁྲོད་བརྟག་དཔྱད་དང་ཚོད་དཔག་ར་སྤྲོད་བཅས་ཀྱི་ཞིབ་འཇུག་ནུས་པ་གསོ་སྐྱོང་བྱས། ཧྲེན་ཀྲེན་གྱི་འཕེལ་རྒྱས་དེ“མྱུར་ཚད”ནས“སྤུས་ཚད”བར་དང་། དེ་ནས“ཚད་གཞི”བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས།“སྔོན་ལ་འགྲོ་ཕོད་པའི”སྙིང་སྟོབས་ཚོར་སྣང་བྱུང་། དེ་རྗེས་མཚོ་འགྲམ་བྱེ་ཐང་དང་མཚོ་ཆུ། བྲག་རྡོ་སྐྱེ་ཁམས་ལ་བལྟས་ཏེ་རྒྱ་མཚོ་སྐྱེ་དངོས་ངོས་འཛིན་བྱས་པ་དང་། ཚོ་ཆུང་བགོས་ནས་མཉམ་ལས་ངང་བྱེ་བརྐོས་བརྩམས་ཆོས་གསར་རྩོམ་བྱས་ཏེ། དབྱིབས་བཟོ་དང་བྱེ་འདམ་བརླན་གཤེར་གཏོང་བ། ཞིབ་བརྐོ་ཞིབ་ཚགས་བཅས་ཀྱི་ཐོག་ནས་ཚོགས་པའི་ལས་དོན་སྒྲུབ་སྟངས་དང་སྒྱུ་རྩལ་བྱང་ཚད་མཐོ་རུ་བཏང་།
སྒར་རྒྱག་མཛད་སྒོ་སྤེལ་ཡུལ་དུ་སྤྲོ་སེམས་ཀྱིས་ཁེངས་ཡོད། ཞིབ་འཇུག་སློབ་གསོའི་དགེ་རྒན་གྱི་འཐུས་མིས་གཏམ་བཤད་གནང་ལ། ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ལ་ཕྱིར་དྲན་མདོར་བསྡུས་བྱས་པར་མ་ཟད། སློབ་མ་ཡོངས་ཀྱི་ལམ་བར་ནས་ཐོབ་པའི་ཤེས་བྱ་དང་འཚར་ལོངས་ལ་ཁས་ལེན་གང་ལེགས་བྱས། དེ་རྗེས་ཞིབ་འཇུག་ཚོགས་པ་སོ་སོས་གར་སྟེགས་སྟེང་འཁྲབ་སྟོན་སྣ་ཚོགས་བྱས་ཏེ། སློབ་གྲོགས་རྣམས་ཀྱིས་རང་རང་གི་ཁྱད་ཆོས་མངོན་པར་བྱས། མཐོ་སྒང་གི་གཞོན་ནུ་ལོ་ཆུང་ཚོའི་སྙིང་སྟོབས་ཡར་འཕེལ་གྱི་ཉམས་འགྱུར་བཟང་པོ་ཡོངས་སུ་མངོན། བྱ་དགའ་སྟེར་བའི་སྐབས་སུ་སློབ་མ་རེ་རེ་བཞིན་གར་སྟེགས་སོང་ནས་མཇུག་སྒྲིལ་ལག་ཁྱེར་བླངས་པ་དང་། དྲན་རྟེན་མཉམ་དུ་པར་བརྒྱབ་ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་གི་དྲན་གསོར་ཕུལ། འདི་ཡིས་དབྱར་སྒར་འདི་ལེགས་འགྲུབ་ཆེན་པོ་བྱུང་བ་མཚོན་ཐུབ།
ཐེངས་འདིའི་མཚོ་སྔོན་དང་ཧྲན་ཏུང་གི་གཞོན་ནུ་ལོ་ཆུང་གི“སེ་འབྲུའི་འབྲུ་གུ་ཁྱིམ་ཚང་གཅིག་ལྟར་མཐུན”ཞེས་པའི་དབྱར་སྒར་བྱེད་སྒོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན། ན་གཞོན་རྣམས་ཀྱིས་རི་ཆུ་བརྒལ་ནས་མིག་རྒྱང་ཡངས་སུ་བཏང་བ་དང་མཛའ་གྲོགས་བཙུགས་ཏེ། རྒྱལ་ནང་གི་མཐོང་ཐོས་དྲན་རེག་ཕ་ཡུལ་དུ་ཁྱེར་ཡོང་ཞིང་། མི་རིགས་སོ་སོའི་གཞོན་ནུའི་སེམས་ལ་འབྲེལ་འདྲིས་སྤེལ་རེས་མཉམ་འདྲེས་ཀྱི་ས་བོན་བཏབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཇེ་བརྟན་དུ་བཏང་ཡོད།