རྐང་ཚའི་དམངས་ཚིས་ལས་གཞི་བཅོ་ལྔ་ལག་བསྟར་བྱས་པས་ཕན་འབྲས་ཐོབ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དམངས་ཚིས་ནི་དོན་ཆུང་མིན། སེམས་དང་བསམ་པ་འབྲེལ་ནས་ཡོད། ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས། ལོ་མགོར་ཁས་ལེན་བྱས་པའི་མི་དམངས་ཚིས་ཀྱི་དོན་དངོས་བཅོ་ལྔ་དམ་འཛིན་བྱས་ཏེ། ལས་འགན་ཞིབ་ཕྲ་བགོས་པ་དང་འགན་འཁྲི་ནན་དུ་བཏང་བ། ལྟ་སྐུལ་ཤུགས་ཆེར་བྱས་པ་བཅས་ཀྱིས་སྡོད་ཁང་དང་ཆུ་བེད། འགྲིམ་འགྲུལ། དྲོད་རླངས། རྒན་གསོ། སློབ་གསོ། སྨན་བཅོས། ལས་ཞུགས། ཐོན་ལས་འཕེལ་རྒྱས་སོགས་ལས་གཞི་གཙོ་བོ་ཁག་མཉམ་དུ་སྤེལ། ཟླ8པའི་ཟླ་སྨད་བར་ལས་དོན་ཚང་མ་དུས་ཚོད་ལྟར་གོ་རིམ་ལྡན་པར་སྤེལ་བ་དང་། ལས་ཀ་ཁག་ཅིག་དངོས་སུ་ལག་བསྟར་བྱེད་ཐུབ་ནས་ཕན་འབྲས་བཟང་པོ་ཐོབ་ཡོད་ཅིང་། མང་ཚོགས་ཀྱི་འཚོ་བའི་འགན་སྲུང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།
གཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སྟབས་བདེ་རུ་བཏང་བ།
རྐང་ཚ་རྫོང་གིས་འགྲིམ་འགྲུལ་དང་དྲོད་འདོན། གློག་ཤུགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་ཆ་ཁ་གསབ་བྱེད་བཞིན་ཡོད། འགྲིམ་འགྲུལ་གྱི་ཐད་ནས། མ་དངུལ་སྒོར་ཁྲི14350བཏང་ནས་དཔལ་དགེ་ནས་འདཔོན་ཚང་ཞོལ་མ་སོགས་ཀྱི་སྡེ་བའི་ལམ18བསྒྱུར་བཅོས་བྱས་པས། མང་ཚོགས་འགྲོ་འོང་ལ་སྔར་ལས་སྟབས་བདེ་སྐྲུན་ཡོད། དྲོད་འདོན་ཐད་ལ། དཔལ་དགེ་གྲོང་རྡལ་གྱི་གྲོང་ཁུལ་དུ་དྲོད་རླངས་མཁོ་འདོན་དྲ་བ་འཛུགས་སྐྲུན་ལས་གཞི་ལས་སྤྱིའི་ཚད90%ལེགས་འགྲུབ་བྱུང་ཡོད་ལ། སྔོན་དཔག་བྱས་ན་ཟླ8པའི་ཟླ་མཇུག་ཏུ་ལེགས་འགྲུབ་བྱུང་རྒྱུ་རེད། རྫོང་མཁར་གྱི་ནུས་རྒྱུ་གཙང་མའི་དྲོད་འདོན་ལས་གྲྭ་དུས་རིམ་གསུམ་པ་ལས་སྤྱིའི་ཚད50%ལེགས་འགྲུབ་བྱུང་ལ། ས་ཁུལ་ནང་ཁུལ་གྱི་དྲོད་རླངས་དྲ་སྦྲེལ་ལས་གཞི་ཇུས་འགོད་སྒྲིག་ཆས་དང་སྔོན་རྩིས་ཆོག་མཆན་ཐོབ། ད་ལྟ་འོས་འགུག་གོ་རིམ་ནང་ཡོད་པས་དགུན་དུས་དྲོད་རླངས་ཚད་གཞི་མི་ལོན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། གློག་ཤུགས་ཐད་ནས། ཚ་ལ་སྡེ་བ་དང་རུ་མང་སྡེ་བ་སོགས་ཡུལ་ཚོ་དང་གྲོང་རྡལ5ཡི་སྡེ་བ14(ས་ཁོངས)ལ་ཞིང་དྲོང་གློག་དྲའི་ཤོང་ཚད་ཆེ་རུ་གཏོང་བ་དང་སྒྱུར་བཀོད་ལས་གྲྭ9ལག་བསྟར་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི6175.9བཏང་བ་དེ་ཟླ10བའི་ཟླ་སྨད་གོང་ལས་ཀ་ཚར་ཏེ་བེད་སྤྱོད་གཏོང་ཐུབ་པས། མང་ཚོགས་ཀྱི་གློག་སྤྱོད་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་འགྲོ་ངེས་ཡིན།
གཉིས། སྡོད་ཁང་དང་ཆུ་བེད་འགན་སྲུང་སྲ་བརྟན་དུ་བཏང་ནས། མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་རྨང་གཞི་བརྟན་པོ་བཏིང་།
རྐང་ཚ་རྫོང་གིས་སྡོད་ཁང་གི་འགན་ལེན་དང་འཐུང་ཆུའི་བདེ་འཇགས་ཞོད་འགོག་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་གཙོ་གནད་ལ་དམིགས་ནས། དམངས་ཚིས་ཀྱི་བདེ་འཇགས་འགན་སྲུང་གི་རྨང་གཞི་རྒྱུན་མཐུད་ངང་བརྟན་པོར་བཟོས་ཡོད། སྡོད་ཁང་ཐད་ནས། མཚོ་ཆུ་རྒྱས་ནས་ཆུས་བསྣུབས་པའི་ས་ཁུལ་གྱི་འབྲོག་པའི་ཁང་པ་གནས་སྤོ་ལེགས་སྒྲིག་ལས་གྲྭ(མཚོ་བྱང་རྐང་ཚ)ཡི་དུས་རིམ་དང་པོ་ལས་གཞི་ཚན་པ་དང་པོས་སྨི་གྲུ་བཞི་མ65ཅན་གྱི་ཐོག་ཁང4བསྐྲུན་ཏེ་དུད་ཁྱིམ64བཀོད་སྒྲིག་བྱས་ཟིན་ལ། ལས་གཞི་ཚན་གཉིས་པ་ཡིས་སྨི་གྲུ་བཞི་མ85ཅན་གྱི་ཐོག་ཁང་པ6ལ་དུད་ཁྱིམ128ཡོད་པ་དེ་དག་གི་གྲུབ་ཚུལ་གཙོ་བོ་ཡོངས་སུ་གྲུབ་ཅིང་ཁང་བའི་ནང་དུ་དཀར་རྩི་བྱུགས་པ་དང་། སྒོ་དང་སྒེའུ་ཁུང་སྤྲོད་བཞིན་ཡོད། མཚོ་ཆུ་རྒྱས་ནས་ཆུས་བསྣུབས་པའི་ས་ཁུལ་གྱི་འབྲོག་པའི་ཁང་པ་གནས་སྤོ་ལེགས་སྒྲིག་ལས་གྲྭ(རྐང་ཚ་དུས་ཐེངས་གཉིས་པ)ནང་སྨི་གྲུ་བཞི་མ110ཅན་གྱི་ཐོག་ཁང2ལ་དུད་ཁྱིམ40ཡོད་ལ། དེ་ནི་སྤྱིའི་བཟོ་སྐྲུན་ཚད75%འགྲུབ་ཡོད། མ་དངུལ་སྒོར་ཁྲི3318བཏང་ནས་ལས་བྱེད་པའི་འཁོར་རྒྱུག་ཁང་པ237འཛུགས་སྐྲུན་བྱས་པ་དེ་ཡང་སྤྱིའི་བཟོ་སྐྲུན་ཚད90%ཟིན་ཡོད། གོང་གསལ་ལས་གཞི་རྣམས་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་མ་ཟད་མང་ཚོགས་ལ་བགོ་བཤའ་རྒྱག་རྒྱུ་ཡིན་པས། གཞི་རིམ་གྱི“སྡོད་ཁང་དཀའ་བ་དང་འཚང་ཁ་ཆེ་བའི”གནད་དོན་ཐག་གཅོད་བྱེད་ཐུབ། ཆུ་བེད་ཐད་ནས། དུས་མཚུངས་སུ་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་ཉེན་ཁ་གཡོལ་ཐབས་དགོས་མཁོར་གཞིགས་ཏེ། ཕྱོགས་གཅིག་ནས་མཁོ་སྤྲོད་ལས་གྲྭ་དང་ཆུ་བོ་གཙང་སེལ་ལས་དོན་མཉམ་དུ་སྤེལ་བཞིན་ཡོད། མཚོ་གསར་སྡེ་བ་དང་གཉའ་གོང་མ་སྡེ་བ་སོགས་སྲིད་འཛིན་སྡེ་བ15ལ་རང་འབབ་ཆུ་ཁུངས་ས་ཚིགས50གསར་དུ་བཙུགས་པ་དང་། བྲ་སོག་སྡེ་བའི་ཁྱིམ་ཚང་སོ་སོར་ཆུ་སྦུག་སྤྱི་ལེ14.78འཐེན་པར80%ལེགས་གྲུབ་བྱུང་བས་འཆར་གཞི་ལྟར་ན་ཟླ9བའི་ཟླ་མཇུག་ཏུ་འགྲུབ་ཐུབ་པ་དེས་ཁྱིམ་གྲངས107མི་གྲངས426གི་འཚོ་སྤྱོད་ཆུ་མཁོ་འདོན་བྱེད་ཚད་ཇེ་མཐོར་གཏོང་ངེས། སྐྱིད་སྨོན་ཆུ་བོ་དང་ཉ་ནག་སོ་མའི་སྒྲོལ་་ལུང་བཅས་སྤྱི་ལེ12.2ཙམ་གྱི་ཡུར་བུ་བཅོས་སྐྱོང་ལས་ཀ་ཇེ་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་དང་འཐུང་ཆུའི་བདེ་འཇགས། ཚེ་སྲོག་རྒྱུ་ནོར་སྲུང་སྐྱོབ་ཕྱོགས་ཡོངས་ནས་ཁག་ཐེག་བྱ་རྒྱུ་ཡིན།
གསུམ། སྤྱི་པའི་ཞབས་ཞུ་རིམ་སྤོར་བྱས་ནས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག
རྐང་ཚ་རྫོང་གིས་རིག་གནས་དང་ལུས་རྩལ། རྒན་གསོ། བྱིས་སྐྱོང་། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་དགོས་མཁོ་སྣ་མང་རྒྱུན་ཆད་མེད་པར་སྐོང་བཞིན་ཡོད། ལུས་རྩལ་རོལ་རྩེད་ཐད་ནས། རྫོང་མཁར་གྱི་ལུས་རྩལ་གླིང་གི་མུ་མཐུད་འཛུགས་སྐྲུན་ལས་གྲྭའི་འཕེལ་རིམ60%ཟིན་པ་དང་། ཟླ10བའི་ཟླ་མཇུག་ཏུ་ལེགས་འགྲུབ་ཡོང་བའི་རེ་བ་ཡོད། དཔལ་དགེ་གྲོང་རྡལ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ། ལྷ་ཆབ་ཁུག་བཅས་ཕྱི་རོལ་ལུས་རྩལ་ར་བ་ཁག་ཨར་ལས་བྱེད་འགོ་ཚུགས་ཤིང་དུས་ཚོད་ལྟར་ལག་བསྟར་བྱེད་བཞིན་ཡོད་ལ། མཚོ་སྔོན་པོ་གཞིས་བྲང་གི་ལྡུམ་ར་མགྱོགས་མྱུར་ངང་བསྐྲུན་བཞིན་ཡོད། རྒན་གསོའི་ཞབས་ཞུ་ཐད་ནས། མཁར་ནུབ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་གནས་ཡུལ་མེ་གསོད་ནུས་པ་མཐོར་འདེགས་ལས་གཞི་ལེགས་གྲུབ་བྱུང་ཚད85%ཟིན་ཡོད་ལ། མཁར་བྱང་སྡེ་ཁུལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་དྲ་རྒྱའི་ལས་གཞི་དང་། རྫོང་རྒན་གསོ་སྤྱི་ཚོགས་ཕན་བདེ་ལྟེ་གནས་དང་མཁར་ལྷོའི་ཉིན་མོའི་ལྟ་རྟོག་ས་ཚིགས་ཀྱི་མེ་གསོད་ཞིབ་བཤེར་རྩིས་ལེན་ལས་དོན་དག་ཐེར་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། ཟླ8པའི་ཟླ་མཇུག་ཏུ་འགྲུབ་རྒྱུའི་འཆར་གཞི་ཡོད། བྱིསསྐྱོང་ཞབས་ཞུའི་ཐད་ནས། རྐང་ཚའི་བུ་བཅོལ་ཁང་གིས་མངགས་གཉེར་གྲོས་མཐུན་བཞག་པ་དང་། ཁྲིམས་མི་བརྗེ་སྒྱུར། མི་སྣ་བསྡུ་རུབ་གསོ་སྦྱོང་། ཧྲན་ཏུང་རོགས་སྐྱོར་མ་དངུལ་སྤྲོད་པ་བཅས་ལེགས་པར་གྲུབ་ཅིང་། བྱིས་པའི་འདུག་གནས120གསར་སྣོན་བྱེད་རྒྱུ་རེད། འཕྲོད་བསྟེན་བདེ་ཐང་ཐད་ནས། རྫོང་བོད་སྨན་ཁང་གི་ཞག་སྡོད་ལག་རྩལ་སྨན་རྫས་ཐོག་ཁང་བཟོ་སྐྲུན་སྤྱིའི་ཚད་གཞི40%ཟིན། འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གི་རྒས་ནད་ཆེད་ལས་ཚན་ཁག་ལས་གཞི་བེད་སྤྱོད་ཆོག་མཆན་ཐོབ་ནས་སྤྱོད་སྒོ་ཕྱེ་བ་དང་། གསོ་རིག་མཉམ་འབྲེལ་ཚོགས་པ་གཅིག་འཐུས་ཅན་གྱི་བདེ་ཐང་དོ་དམ་ལྟེ་གནས་བཙུགས་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ནད་གཞི་བརྟག་དཔྱད་དང་བདེ་ཐང་དོ་དམ་མ་ལག་ཆ་ཚང་ཞིག་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། གཞན་ཡང་ཁྱོན་བསྡོམས་སྒོར་ཁྲི3250ཡི་སྡེ་བ་རིམ་པའི་ཕྱོགས་བསྡུས་དམངས་ཕན་ཞབས་ཞུ་ལྟེ་གནས་དེ་སྲིད་འཛིན་སྡེ་བ15ཁྱབ་ཡོད་པ་དང་། ས་ཆ་བསྡུ་བ་དང་ཇུས་འགོད། དཔྱད་བསྡུར་བྱེད་པ་སོགས་སྔོན་འགྲོའི་ལས་ཀ་རིམ་པ་བསྟར་སྤེལ་བཞིན་ཡོད་པས། སྡེ་མི་རྣམས་ལ་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་ཞབས་ཞུ་ཕྱོགས་ཡོངས་ནས་མཁོ་སྤྲོད་ཐུབ་ངེས་ཡིན།
བཞི། ཐོན་ལས་ལས་ཞུགས་སློབ་གསོ་མཉམ་འགུལ། མང་ཚོགས་ལ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་མདུན་ལམ་བཟང་པོ་བསྐྲུན།
རྐང་ཚ་རྫོང་གིས་ལས་རིགས་སྐུལ་ཁྲིད་དང་ལས་ཞུགས་ཡར་སྐུལ། སློབ་གསོའི་འགན་སྲུང་བཅས་མཉམ་དུ་སྤེལ་ནས་མང་ཚོགས་ཀྱི་ཡོང་འབབ་ཐབས་ལམ་མུ་མཐུད་རྒྱ་སྐྱེད་གཏོང་བཞིན་ཡོད། ལས་རིགས་འཕེལ་རྒྱས་ཐད་ནས། ཇོ་སྐོར་ཞོལ་མ་སྡེ་བའི་བོད་ལུག་གསོ་སྤེལ་རྟེན་གཞི་ཆེན་པོ་དང་རྟ་རྒྱུད་གསོ་སྐྱོང་རྟེན་གཞིས་ཟླ6པར་ལས་འགོ་བཙུགས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་གྲུབ་བྱུང་ཞིང་། ལས་གཞི་འཕེལ་རིམ45%ཟིན་ཡོད་པ་དེས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་རོང་འབྲོག་པའི་ཡོང་འབབ་བརྟན་དུ་འགྲོ་བའི་རྨང་གཞི་སྔར་བས་བརྟན་པོ་བཏིང་ཡོད། ལས་ཞུགས་སྦྱོང་བརྡར་ཐད་ནས། མཁར་གྲོང་དུ་མི་གྲངས416ལས་ཞུགས་ཟིན་པ་དེས་ལོ་རེའི་ལས་འགན106.67%ལེགས་འགྲུབ་བྱུང་བ་དང་། འབྲོག་ཁུལ་ངལ་རྩོལ་ནུས་ཤུགས་མི་ཐེངས3607ལས་གནས་སུ་བསྐྱོད་པ་དེས་ལོ་རེའི་ལས་འགན90.18%ལེགས་འགྲུབ་བྱུང་ཡོད། རིག་གནས་ཡུལ་སྐོར་སྡེ་ཁག་གིས་མི་ཐེངས100གསོ་སྦྱོང་བྱས་པ་དང་། ཞིང་ལས་སྡེ་ཁག་གིས་མི་ཐེངས50གསོ་སྦྱོང་བྱས་ཤིང་། རིགས་ཁག་གི་གསོ་སྦྱོང་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། སློབ་གསོའི་རོགས་སྐྱོར་ཐད་ནས། སློབ་སྔོན་སློབ་གསོའི“རིན་མི་བསྡུ་བ”བྱིས་སྐྱོང་ཁང10དང་བྱིས་པ1448ལ་ཁྱབ་ཅིང་། སློབ་གྲྭ་འབྲིང་ཆུང་རྣམས་སུ་ཚ་ཟས་ཉིན་རེར་མཁོ་སྤྲོད་བྱེད་པ་སློབ་གྲྭ5དང་སློབ་མ5190ལ་ཁེབས་ཡོད་ལ། ཆེད་སྦྱོང་དང་དངོས་གཞི་སློབ་མར་འབྱུང་གནས་ཡིད་རྟོན་སློབ་རོགས་དངུལ་བུན་ཚད་གཞི་མཐོ་ཤོས་སྒོར་ཁྲི2བར་མཐོ་རུ་བཏང་བ་དང་། ཉིན་གང་ལམ་ལུགས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་དང་འབུམ་རམས་ཞིབ་འཇུག་སློབ་མར་ལོ་རེར་ཆེས་མཐོ་བ་སྒོར་ཁྲི་2.5བར་སྤར་བ། དངུལ་བུན་འཇལ་ཡུན་རིང་ཤོས་ལོ22བར་བསྲིངས་པ་སོགས་སློབ་སྔོན་ནས་སློབ་ཆེན་བར་ཡོངས་སུ་ཁེབས་པའི་སློབ་མའི་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པས་སྤུས་ཚད་སྔར་ལས་ལེགས་པའི་སློབ་གསོའི་དྲང་བདེན་མངོན་འགྱུར་ཡོང་རྒྱུར་ཕན་ནུས་གལ་ཆེན་བཏོན་ཡོད།