མཚོ་མདོག་ནི་པུར་གྱིས་བྲིས་དང་མཚུངས། ལྷག་བསམ་གྱིས་འགྲུལ་བའི་ཡིད་སེམས་བཀུག
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེན་རྟོག་པ་དང་ལས་རོགས་ཚོས་ལྕགས་ཞོན་ཚོར་ལྡོག་འཕྲོ་སྟོད་གོས་སྟེར་བཞིན་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུ་དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཁག་གིས་པར་མཁོ་འདོན་བྱས།
དབྱར་དུས་སུ་མཚོ་སྔོན་པོ་ནི་གོས་སྔོན་ཐང་ལ་བཏིང་བ་དང་ཀུན་ནས་མཚུངས་ལ། མཚོ་སྐོར་ལམ་གྱི་ཡུལ་ལྗོངས་ཧ་ཅང་མཛེས་པས་གནས་སྐོར་བ་མང་པོ་ཞིག་གིས་ཚ་གཡོལ་ལྟ་སྐོར་དང་མཐོ་སྒང་གི་མཛེས་སྡུག་ལ་མྱོང་རོལ་བྱེད་དུ་ཡོང་བཞིན་ཡོད། མཚོ་སྔོན་པོ་བསྐོར་བའི་གནས་སྐོར་ས་ཚིགས་གལ་ཆེན་ཡིན་པའི་ཆ་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁོངས་ཀྱི་རྒྱལ་ལམ315དང་མཚོ་སྐོར་ནུབ་ལམ་གཉིས་ཀྱི་རླངས་འཁོར་འགྲོ་འོང་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ནས། དབྱར་དུས་ཀྱི་འགྲུལ་བཞུད་མཐོ་རླབས་འཕྱུར་བཞིན་ཡོད།ལྕགས་རྟ་ཞོན་རྒྱུར་དགའ་བའི་སྐུ་ཞབས་ཀྲང་མཚོ་སྔོན་པོར་སྐོར་ལམ་ནུབ་མར་སླེབས་སྐབས། ལྕགས་རྟ་ལས་མར་བབས་ནས་གཞུང་ལམ་འགྲམ་དུ་ལངས་ཏེ་ཁ་པར་གྱི་ས་ཁྲ་ཡང་ཡང་མནན་ཞིང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། སྐབས་དེར་མཚོ་སྐོར་ལམ་ཐིག་གལ་ཆེན་ཁག་ཏུ་སྐོར་གཡེང་བྱེད་མཁན་རྐང་ཚ་རྫོང་སྤྱི་བདེ་ཅུ་དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཁག་ཉེན་རྟོག་པ་ཀུའོ་ཧྲོའུ་ཀང་གིས་ཁོ་མཐོང་སྟེ་རང་འགུལ་གྱིས་གམ་དུ་ཡོང་ནས་གནས་ཚུལ་དྲིས།“ལམ་འཁྲིད་གནས་འཁེལ་གཏན་འཇགས་མིན་པས། ལྕགས་རྟར་ཞོན་ནས་འགྲོ་སྐབས་སུ་ཁ་ཕྱོགས་གསལ་བོ་མི་ཤེས”ཅེས་སྐུ་ཞབས་ཀྲང་གིས་འུ་ཐུག་ནས་བཤད།གནས་ཚུལ་རྒྱུས་ལོན་བྱས་རྗེས། ཀུའོ་ཧྲོའུ་ཀང་གིས་མཚོ་སྐོར་གྱི་ལམ་གནས་རྙོག་འཛིང་ཅན་དང་ཟུང་འབྲེལ་གྱིས་ཁོ་ལ་ལྕགས་རྟ་བཞོན་པའི་ལམ་ཐིག་ཡག་ཤོས་འཆར་འགོད་ཞིབ་ཚགས་བྱས་པར་མ་ཟད། ལམ་བར་དུ་མཛེས་ལྗོངས་ལྟ་སའི་ས་གནས་རེ་རེ་བཞིན་བསྟན་པ་དང་། མྱུར་ཚད་ཚོད་འཛིན་བྱེད་ཁུལ་དང་ཉེན་ཁ་ཆེ་བའི་ལམ་བུ་རྣམས་གསལ་བཤད་བྱས། ད་དུང་ས་ཁོངས་དམིགས་བསལ་བདེ་འཇགས་ཐོ་འགོད་དྲན་སྐུལ་བྱང་བུ་ཞིག་ཀྱང་སྤྲད་དེ། བྱང་བུ་དེའི་སྟེང་དུ་ལམ་རྒྱུད་ཀྱི་གནས་སྐོར་ས་ཚིགས་གྲགས་ཅན་སོ་སོ་དང་མཐོ་སྒང་ནས་ལྕགས་རྟ་ཞོན་སྐབས་དོ་སྣང་བྱ་དགོས་པའི་གནད་དོན་ཞིབ་ཕྲ་བཀོད་ཡོད།“མཚོ་སྐོར་གྱི་ལམ་ལ་དཀྱོག་མཚམས་མང་ལ། ཟོང་འཁོར་གྱི་འགྲོ་འོང་རྒོད་པས། ངེས་པར་དུ་མགྱོགས་ཚད་དལ་དུ་གཏོང་དགོས།” ཀུའོ་ཧྲོའུ་ཀང་གིས་དེ་ལྟར་བསླབ་བྱ་བྱེད་ཞོར་དུ་ལྡོག་འཕྲོ་སྟོད་གོས་དེ་སྐུ་ཞབས་ཀྲང་གི་ལག་ཏུ་བཞག་སྟེ། “ཁྱེད་ཀྱིས་ངེས་པར་སྟོད་ཐུང་འདི་གྱོན་རོགས། ས་རུབ་དུས་འོད་མདངས་ཞན་པས་འགྲོ་འོང་བྱེད་མཁན་གྱིས་ཁྱེད་རང་མཐོང་ཐུབ། བདེ་འཇགས་ལ་དོ་སྣང་བྱས་ཏེ་འགྲུལ་བཞུད་སྐྱིད་པོ་ཡོང་བར་སྨོན”ཞེས་བཤད།
སྐུ་ཞབས་ཀྲང་གིས་ལམ་ཐིག་ཞིབ་མོ་ཟིན་བྲིས་སུ་བཀོད་དེ་ལྡོག་འཕྲོ་སྟོད་གོས་ལེན་ཞོར་བཀའ་དྲིན་ཞུས་དོན། “ལས་དྲང་བ་ཞིག་ལ་ཁྱེད་དང་འཕྲད་བྱུང་། དེ་མིན་ན་ང་ད་དུང་ལམ་ཀྱོག་ག་ཚོད་འགྲོ་དགོས་པ་མི་ཤེས། བདེ་འཇགས་ཀྱི་དྲན་སྐུལ་འདི་དག་ལ་བེད་སྤྱོད་ཆེན་པོ་འདུག”ཟེར།“ངས་ནི་མགྱོགས་མྱུར་ངང་ཁོ་ཚོའི་གནད་དོན་ཐག་གཅོད་བྱེད་འདོད་པ་ཡིན”ཞེས་ཀུའོ་ཧྲོའུ་ཀང་གིས་དེ་ལྟར་བཤད། “གནས་སྐོར་བས་ས་ཆ་འདིར་ཡོང་བ་ནོར་ཤོར་སོང་སྙམ་དུ་མ་འཇུག”ཅེས་པའི་བསམ་ཚུལ་སྟབས་བདེ་འདི་ནི་མཚོ་སྐོར་ལམ་རྒྱུད་ཀྱི་ཉེན་རྟོག་པ་དང་ལས་རོགས་པ་ཡོངས་ཀྱི་བསམ་འདུན་ཉག་གཅིག་རེད།བོར་བརླག་ཤོར་བའི་དངོས་པོ་འཚོལ་བ་དང་། རླངས་འཁོར་གྱི་རྐྱལ་བར་གློ་བུར་དུ་སྐྱོན་ཤོར་དུས་སུ་གྲབས་རྐྱལ་བརྗེ་བ། ས་མཐོ་བྱུང་བའི་གནས་སྐོར་བར་དབྱང་དབུགས་དང་ཆུ་ཁོལ། འཕྲལ་བསྟུན་སྨན་རྫས་མཁོ་འདོན་བྱེད་པ་སོགས་བྱ་བ་ཙག་ཙིག་འདི་དག་ཆུང་ཆུང་ལྟ་བུར་སྣང་ཡང་། ས་བབ་མཐོ་ཚད་སྨི་སུམ་སྟོང་ལྷག་ཡོད་པའི་མཐོ་སྒང་དུ་འོང་པའི་གནས་སྐོར་བ་རྣམས་ལ་མཚོན་ན་གནད་དོན་གལ་ཆེན་ཤ་སྟག་ཡིན། དུས་ཐོག་ཏུ་རོགས་རམ་ཐེངས་མང་བྱས་པའི་རྒྱབ་ཏུ་རྐང་ཚའི་ཉེན་རྟོག་ལས་ཁུངས་ཀྱིས་གསར་གཏོད་ཉེན་རྟོག་ལས་དོན་སྒྲུབ་སྟངས་ཀྱི་བདེ་འཇགས་སྲུང་རགས་བརྟན་པོ་དེ་ཡོད།ས་བབ་མཐོ་བའི་འབྲོག་ཁུལ་གྱི་གནས་སྐོར་ཉེན་རྟོག་ལས་དོན་གྱི་ཁྱད་ཆོས་ལ་གཞིགས་ནས། རྐང་ཚ་རྫོང་སྤྱི་བདེ་ཅུ་དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཁག་གིས“འགྲིམ་འགྲུལ་དང་སྐོར་ཞིབ། མངགས་གཏོང་ཁང་གཞི་གཅིག”གི་ལས་རེས་ལམ་ལུགས་གཏིང་ཟབ་ཏུ་བཏང་སྟེ། འགྲིམ་འགྲུལ་དོ་དམ་ཆེད་ལས་ཁྲིམས་འཛིན་དང་། དམིགས་བསལ་སྐོར་ཞིབ་རུ་ཁག་གི་འགུལ་སྐྱོད་ལྟ་སྐུལ། ཁོངས་གཏོགས་མངགས་གཏོང་ཁང་གིས་ས་གནས་ཚོད་འཛིན་བཅས་སྟོབས་ཤུགས་ཆེན་པོ་གསུམ་མཉམ་སྒྲིལ་བྱས་ཏེ། ནུས་ཤུགས་མཉམ་འབྲེལ་དང་ཐོན་ཁུངས་མཉམ་སྤྱོད། ས་ཁོངས་ཡོངས་ལ་ཁྱབ་པ། མྱུར་དུ་ཡ་ལན་སྤྲོད་པའི་ཕྱོགས་གསུམ་གཞི་གཅིག་ཅན་གྱི་ལྟ་སྐུལ་མ་ལག་བསྐྲུན་ཡོད། བྱ་གླིང་སོགས་མཚོ་སྐོར་ལམ་རྒྱུད་གལ་ཆེན་དུ་གནས་སྐབས་སུ་བརྟག་དཔྱད་ས་ཚིགས་བཀོད་སྒྲིག་ལུགས་མཐུན་བྱས་པ་དང་། “གནས་འཁེལ་སྲུང་རེས་ཀྱིས་འགོག་རགས་སྲུང་བ+འགུལ་རྣམ་སྐོར་ཞིབ་ཀྱིས་ཉེན་ཁ་སེལ་བ”དང “འགྲིམ་འགྲུལ་སྡེ་ཁག་གིས་ཁྲིམས་འཛིན་བྱེད་པ+དམིགས་བསལ་སྐོར་ཞིབ་རུ་ཁག་གིས་ཁ་གསབ་བྱེད་པ+མངགས་གཏོང་ཁང་གིས་ས་ཁུལ་འགན་ལེན་བྱེད་པའི”ལངས་གཟུགས་རྣམ་པའི་ཚོད་འཛིན་བྱེད་སྟངས་ལག་བསྟར་བྱས། མཛེས་ལྗོངས་ཁུལ་གྱི་ལྟད་མོ་སྟེགས་བུའམ་མི་ཚོགས་འདུ་འཛོམས་ཆེ་ཞིང་དོན་རྐྱེན་འབྱུང་སླ་བའི་གནད་འགག་ས་ཁུལ་དུ། འགུལ་རྣམ་ཅན་གྱི་ཉེན་དོན་ཁང་ཡུལ་དངོས་སུ་གཞི་ཆགས་ནས་སྐོར་གཡེང་ཐེངས་གྲངས་མང་དུ་གཏོང་བ། རྒྱུན་རྣམ་ཅན་གྱིས་འགྲོ་འོང་བྱེད་བཞིན་པའི་གནས་སྐོར་བ་དང་རླངས་འཁོར་ལ་ལམ་སྟོན་སོགས་ཀྱི་ལས་ཀ་སྤེལ།འགུལ་རྣམ་ཅན་གྱི་ཉེན་དོན་ཁང་སོ་སོར་འཕྲལ་བསྟུན་སྨན་སྒམ་དང་། མཐོ་སྒང་གི་དབྱང་རླུང་མཁོ་འདོན་སྒྲིག་ཆས། གློག་གསོག་ཡོ་བྱད་སོགས་དམངས་ཕན་དངོས་ཟོག་ཆ་ཚང་བཀོད་སྒྲིག་བྱས་ནས། འགྲོ་འོང་བྱེད་མཁན་གནས་སྐོར་བར་ལམ་སྟོན་དང་གནས་སྐབས་ངལ་གསོ། ཛ་དྲག་སྐབས་སུ་དབྱང་རྔུབ་པ་བཅས་གཅིག་འཐུས་ཅན་དང་བར་ཐག་མེད་པའི་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱི་ཡོད། མཚོ་སྔོན་པོའི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་མཚོ་སྐོར་གཞུང་ལམ་ལ་དཀྱོག་མཚམས་མང་ཞིང་གྱེན་ལམ་རིང་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཉེན་རྟོག་པ་ཚོས་ཉིན་མཚན་ཀུན་ཏུ་ལམ་ངོས་ལ་ཞིབ་བཤེར་བྱེད་པ་དང་། ལམ་ཐོག་གི་རྡོ་ཧྲུག་དང་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་ཏེ་འགྲོ་ལམ་བདེ་འཇགས་ཡོང་བར་འགན་ལེན་བྱས།
ཡུལ་ལྗོངས་མཛེས་པས་ཡིད་དབང་འཕྲོག བརྩེ་སེམས་དྲོན་མོས་མི་སེམས་དྲོས། ཆེམ་ཆེམ་དུ་འཕྲོ་བའི་ཉེན་གློག་དང་བརྟན་སྲུང་གི་གཟུགས་བརྙན་གྱིས་རྒྱ་ཆེ་བའི་གནས་སྐོར་བ་ཚོར“མཛེས་ལྗོངས་ནང་དུ་ཉེན་རྟོག་པ་ཡོད་པ་དང་། བརྒྱུད་རིམ་ཧྲིལ་བོར་སེམས་ཁྲལ་མེད་པ། བདེ་འཇགས་དང་མཉམ་འགྲོ”ཡི་ཚོར་བ་ཟབ་མོ་སྦྱིན་ཡོད། ད་ནི་བསིལ་རླུང་དལ་བུར་ལྡང་བའི་ས་སྲོད་ཅིག་སྟེ། དགོང་ཁའི་ཉི་ཟེར་གྱིས་མཚོ་སྔོན་པོའི་འགྲམ་ངོགས་སུ་གསེར་ཞུན་ཞུགས་པ་དང་མཚུངས་ལ། མཚོ་སྐོར་གཞུང་ལམ་སྟེང་རླངས་འཁོར་མཚམས་མ་ཆད་པར་འགྲོ་འོང་བྱེད་བཞིན་ཡོད་ཅིང་། གནས་སྐོར་བ་རྣམས་ཀྱང་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད། རྐང་ཚ་རྫོང་སྤྱི་བདེ་ཅུ་དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་དང་ལས་རོགས་ཚོས་ད་དུང་གནས་འདིར་བརྟན་སྲུང་བྱས་ཏེ། “དམག་ཤུགས་གནས་སྐོར་བ་དང་མཉམ་དུ་འགྲོ་བཞིན་ཡོད་ལ། ཉེན་དོན་དམངས་ཀྱི་འདུན་པ་དང་མཉམ་དུ་བསྐྱོད་བཞིན་ཡོད”པའི་ཐོག་མའི་བསམ་འདུན་གྱིས་འགྲུལ་བཞུད་རེ་རེར་སྲུང་སྐྱོབ་ལེགས་པོ་བྱས།