མཚོ་སྔོན་པོའི་འགྲམ་དུ་འཕྲད་པའི་སྲེ་མོང་གིས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལེགས་བཅོས་བྱུང་བར་སྤྲོད་བྱས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་གསར་འགོད་པ་མཚོ་སྔོན་པོ་མཐའ་འཁོར་གྱི་རྩྭ་ཐང་སྟེང་སོང་ནས་ཕྱི་རོལ་པར་ལེན་བྱེད་སྐབས། “སྲུང་སྐྱོབ་གསུམ་ལྡན་སྲོག་ཆགས”སྲེ་མོང་དང་འཕྲད། བརྙན་མིག་ནང་དུ། གཟུགས་པོ་ཕྲ་ཞིང་ལྡེམ་པའི་སྲེ་མོང་སྤང་རྩྭ་དང་ས་ཁུང་དབར་འགྲོ་འོང་བྱེད་པ་མཐོང་ཐུབ། སྐབས་རེར་མགོ་བོ་བཏེགས་ནས་དོགས་ཟོན་གྱིས་ལྟ་ཞིབ་བྱེད་པ་དང་། སྐབས་རེར་གོམ་སྟབས་མགྱོགས་པོའི་ཕར་ཚུར་ལ་རྒྱུག་བཞིན་ཡོད། མཐོ་སྒང་གི་སེམས་ཅན་ཆུང་ཆུང་རྣམས་ཀྱི་རིག་པ་གསལ་ལ་མྱུར་བ་མངོན་པར་གསལ།

སྲེ་མོང་ནི་མཐོ་སྒང་རྩྭ་ཐང་གི་མཆེ་མེད་སྲོག་ཆགས་རིགས་ཀྱི་ཁ་གནོན་གཙོ་བོ་ཡིན། དེ་ནི་རྩྭ་ཐང་སྐྱེ་ཁམས་ཁྲོད་རྔོན་པ་ཆུང་ངུ་ཞིག་ཡིན་པས་རི་བོང་སོགས་ཟས་སུ་བསྟེན་ལ། རྩྭ་ཐང་སྐྱེ་ཁམས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཡིན།

ཉེ་བའི་ལོ་ཤས་རིང་མཚོ་སྐོར་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་མུ་མཐུད་སྤེལ་བ་དང་བསྟུན་ནས། རི་དྭགས་གནས་སྡོད་བྱེད་ས་ཇེ་ལེགས་སུ་སོང་བ་དང་། རི་སྐྱེས་སྲོག་ཆགས་རིགས་སྣ་ཚོགས་རྒྱུན་དུ་མཐོང་བ་དེས་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱུང་བའི་དཔང་རྟགས་དངོས་མ་ཞིག་ཏུ་གྱུར་ཡོད།