网站无障碍
རྐང་ཚ་རྫོང་གིས་བྱིས་པར་གཅེས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ།
发布时间:2026年09月09日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཉེ་ཆར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་བྱས་ཏེ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་ཞིང་ཁྱིམ་དཔེ་མཛོད་ཁང་། ཏང་ཡོན་བྱ་འགུལ་ཁང་སོགས་བེད་སྤྱད་དེ། “བྱིས་བློ་ཏང་ལ་ཕྱོགས། རིག་པའི་འདབ་ལག་རྒྱས”ཞེས་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ། བསྡོམས་པས་ཐེངས10ལྷག་བསྒྲུབས་ཤིང་བྱིས་པ་མི་ཐེངས98ཙམ་ལ་ཞབས་ཞུ་བྱས།

    རྐང་ཚ་རྫོང་གིས་འབྲོག་ཁུལ་བྱིས་པའི་ངོས་འཛིན་ཁྱད་ཆོས་ལ་དམིགས་ནས། གསར་བརྗེའི་སྙན་ངག་དང་གཏམ་རྒྱུད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བརྩམས་ཆོས་བདམས་ཏེ། གསར་བརྗེའི་གསུང་རབ་ཀློག་འདོན་དང་དཔེ་ཀློག་མཉམ་སྤྱོད། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཆུང་ཆུང་སྤེལ་རེས་སོགས་བྱེད་སྒོ་སྤེལ། དཀོན་ལོང་ཚང་གོང་མ་སྡེ་བས་འབྲོག་ཁུལ་བྱིས་པ་རྣམས་རྫོང་མཁར་དུ་ཁྲིད་ནས་མཉམ་སྤྱོད་དཔེ་དེབ་ཐོན་ཁུངས་ལོངས་སུ་སྤྱད། རྐ་ཆུ་སྡེ་བ་དང་མཚོ་འཁྱིལ་ཡུལ་ཚོ་ཡིས་སིམ་འཛུལ་རང་བཞིན་གྱི་ཀློག་འདོན་བྱས་ཏེ་བྱིས་པའི་ཁ་ལྕེ་སྦྱོང་བརྡར་བྱས་པ་དང་དཔེ་ཆ་ཀློག་པར་དགའ་བ་དང་དཔེ་ཆ་བཟང་པོ་ཀློག་པ། དཔེ་ཆ་ལེགས་པར་ཀློག་པའི་གོམས་གཤིས་གསོ་སྐྱོང་བྱས། མཁར་ཤར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་སྐྱོང་བྱ་རྒྱུ་དེ་བྱེད་སྒོའི་ནང་འདྲེས་པར་བྱས་ཤིང་། ཤེས་བྱ་དྲིས་ལན་བརྒྱུད་ན་གཞོན་མི་རབས་ལ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཡོད། འགྲོ་འོང་སྟབས་བདེ་མིན་པའི་བྱིས་པ་ཁག་ཅིག་ལ་མཁར་བྱང་སྡེ་ཁུལ་གྱིས་དཔེ་ཆ་ཁྱིམ་དུ་སྐྱེལ་བ་དང་ཁྱིམ་གཅིག་ཏུ་འཛོམས་ནས་སློབ་སྦྱོང་བྱེད་རོགས་བྱས།

    སྔོན་འགོག་གཙོ་བོ་དང་སློབ་གསོ་སྔོན་ལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབྱར་དུས་ཆུར་ལྷུང་བ་དང་ཞོད་འགོག་ཉེན་གཡོལ། འགྲིམ་འགྲུལ་འགྲོ་འོང་། མེ་སྤྱོད་དང་གློག་སྤྱོད། དྲ་རྒྱའི་མགོ་སྐོར་འགོག་ཐབས། དུག་འགོག་དང་དུག་དགག སློབ་གྲྭའི་བརྙས་བཅོས་སོགས་ཉེན་ཁ་གཙོ་བོ་ཁག་གི་ཐད་ལ། ཆེད་དོན་འཆད་ཁྲིད་སྤེལ་བ་དང་བདེ་འཇགས་འགུལ་བརྙན་སྟོན་པ། ཕན་ཚུན་ལ་དྲི་བ་འདྲི་བ་དང་བརྗོད་དོན་རི་མོ་འབྲི་བ། ཉེན་ཁའི་འབྱུང་ཁུངས་བརྟག་དཔྱད་བྱེད་པ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་། གཡུ་དཀར་འོམ་ལུང་ཡུལ་ཚོ་མཚོ་སྔོན་པོ་ཞིང་རའི་སྡེ་ཁུལ་གྱིས་ཐོག་ཁང་གི་བར་ཁྱམས་དང་ས་དམའ་སར་ཉེན་ཁའི་རྒྱུ་རྐྱེན་བརྟག་དཔྱད་བྱས་པ་དང་། མཁར་ནུབ་སྡེ་ཁུལ་གྱིས་ཆར་ཞོད་ལས་སྐྱོབ་པ་དང་ཆུར་མི་ནུབ་པར་བྱ་རྒྱུའི་རི་མོ་འབྲི་སྦྱོང་བྱེད་སྒོ་སྤེལ་ནས། བདེ་འཇགས་ཤེས་བྱ་མི་ཡིད་ལ་འཇགས་པར་བྱས། མཁར་ཤར་སྡེ་ཁུལ་གྱིས་བདེ་འཇགས་སྲུང་སྐྱོབ་འཛིན་གྲྭ་བཙུགས་ཤིང་། དུག་འགོག་རྟེན་གཞི་སྤྱད་དེ་ཚན་རིག་ཁྱབ་སྤེལ་སློབ་གསོ་སྤེལ། དུས་མཚུངས་སུ་ཁྱིམ་བདག་རྣམས་ལ་ལྟ་སྐྱོང་འགན་འཁྲི་ནན་བཤད་བྱས་ཏེ་གུང་གསེང་རིང་བྱིས་པ་ཚོར་བལྟ་རྟོག་ཡག་པོ་བྱེད་དགོས་པར་སྐུལ་མ་བྱས་ཏེ། སློབ་གྲྭ་དང་ཁྱིམ་ཚང་སྤྱི་ཚོགས་གསུམ་མཉམ་འབྲེལ་གྱིས་བྱིས་པར་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་བསྐྲུན།

    བྱེད་སྒོ་ཕ་མ་དང་བྲལ་བའི་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ། དམའ་སྲུང་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་གཞོན་ནུ་ལོ་ཆུང་བཅས་ལ་དམིགས་ནས། བུད་མེད་དང་བླངས་པ་རྣམས་ཀྱིས་ཁྱིམ་དུ་སོང་ནས་ཁ་བརྡ་དང་སེམས་གཏམ་བཤད་ནས། དུས་ཐོག་ཏུ་བྱིས་པའི་སློབ་སྦྱོང་འཚོ་བ་དང་བསམ་བློའི་གནས་ཚུལ་རྒྱུས་ལོན་བྱས། དཔལ་དགེ་གྲོང་རྡལ་གྱིས་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་འབྲས་དང་སྣུམ། ཇ། སློབ་སྦྱོང་ཡོ་ཆས་སོགས་ཀྱི་འཚམས་འདྲིའི་དངོས་རྫས་བྱིན་པ་དང་། སྡེ་བ་སོ་སོས་བྱེད་སྒོར་ཞུགས་པའི་བྱིས་པ་ཚོར་འབྲི་དེབ་དང་ཚོན་སྨྱུག་སོགས་སློབ་ཆས་སྤྲད་དེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུགས་ཁུར་བྱིས་པ་ཚོའི་གམ་དུ་བསྐྱལ།