མཚོ་སྔོན་རྐང་ཚས་ལས་བཟོ་པའི་ཕན་བདེ་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་ནས་ལས་རིགས་གསར་པར་ཡིད་སེམས་དྲོས་པའི་རྟེན་གཞི་བཙུགས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“དྲོད་སྐྱིད་ས་ཚིགས། ཁ་ལོ་བའི་གཞིས་ཁྱིམ”དངོས་སུ་སྒོ་ཕྱེས་ནས་བེད་སྤྱོད་བྱེད་མགོ་ཚུགས། དེ་ཡིས་རྐང་ཚ་རྫོང་གི་ལས་རིགས་གསར་པའི་ངལ་རྩོལ་པར་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཞབས་ཞུའི་རྟེན་གཞི་དངོས་སུ་ལག་བསྟར་བྱས་པ་མཚོན། དེ་ནི་རྫོང་ཡོངས་ཀྱི་རིམ་པ་མང་ལ་ཁྱབ་རྒྱ་ཆེ་བ། གནད་ལ་འཁེལ་བའི་ལས་བཟོ་བར་ཞབས་འདེགས་འགན་སྲུང་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་བཏང་བ་ཞིག་ཡིན་ལ། བཟོ་ཚོགས་རྩ་འཛུགས་ཀྱིས་ལས་རིགས་གསར་པའི་ལས་བཟོ་བ་ལ་ཞབས་ཞུ་སྒྲུབ་པའི་མཐའ་མའི་སྤྱི་ལེ་གཅིག་ལེགས་འགྲུབ་བྱུང་བའི་དམངས་ཚིས་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན།
ཁ་ལོ་བའི་ཚོགས་པ་ནི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་གལ་ཆེན་ཞིག་ཡིན་ལ། རྫོང་ཁོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་བྱེད་པར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཡིན་པར་མ་ཟད། མཚོ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་འདོན་མཁན་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཁག་ཐེག་བྱེད་མཁན་གྱི་འགུལ་སྐྱོད་ལས་བཟོ་རུ་ཁག་ཅིག་ཀྱང་ཡིན། ཁོ་ཚོ་རྒྱུན་དུ་མཚོ་སྐོར་གཞུང་ལམ་དུ་འགྲོ་འོང་བྱེད་པ་དང་ཉིན་མཚན་མེད་པར་ལས་ཀ་བྱེད་པ། ཚད་མཐོ་བས་གནས་སྤོ་མང་བ་བཅས་ཀྱིས་ལམ་བར་ངལ་གསོ་དཀའ་བ་དང་ཟས་དྲོན་མོ་མཁོ་སྤྲོད་དཀའ་བ། འཕྲལ་སྡོམ་འགན་སྲུང་དཀའ་བ་སོགས་དངོས་ཡོད་གནད་དོན་དང་འཕྲད་བཞིན་ཡོད་པས། བཟོ་ཚོགས་རྩ་འཛུགས་ཀྱིས་འབྲེལ་བ་དམ་ཟབ་བྱེད་ས་དང་སེམས་ཁུར་ཆེན་པོ་བྱ་ཡུལ། ཞབས་ཞུ་གཙོ་གནད་ཅན་སྒྲུབ་སའི་ལས་མིའི་སྡེ་ཚན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལས་བཟོ་བ་དང་འབྲེལ་བ་བྱེད་པ་དང་ལས་བཟོ་བར་ཞབས་འདེགས་ཞུ་བ། ལས་བཟོ་བ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་འགན་འཁྲི་གཙོ་བོ་ལ་གཞིགས་ནས། ལས་མིའི་དགོས་མཁོ་ཁ་ཕྱོགས་སུ་བཟུང་སྟེ། རང་འགུལ་གྱིས་མདུན་བསྐྱོད་འཆར་འགོད་བྱས་ཤིང་གནད་འཁེལ་ཐབས་ཇུས་ལག་བསྟར་བྱས་པ་དང་། རྫོང་ཨུའི་སྤྱི་ཚོགས་ལས་དོན་པུ་དང་མཉམ་འབྲེལ་གྱིས་རྟེན་གཞིའི་ཐོན་ཁུངས་དང་ཞབས་ཞུའི་ཐོན་ཁུངས། གཞི་རིམ་བཅོས་སྐྱོང་གི་ཐོན་ཁུངས་གཅིག་སྡུད་བྱས། ཚད་ལྡན་ཅན་དང་ཚད་གཞི་ཅན། སྟབས་བདེ་ཅན་གྱི་འཛུགས་སྐྲུན་ཚད་གཞིར་ནན་སྲུང་བྱས་ཏེ། བྱེད་ནུས་ཆ་ཚང་ཞིང་ཡོ་བྱད་སྣ་འཛོམས་པ། ཞབས་ཞུ་སེམས་སུ་ཟུག་པའི“དྲོད་སྐྱིད་ས་ཚིགས། ཁ་ལོ་བའི་གཞིས་ཁྱིམ”ཞེས་པ་བསྐྲུན་ཡོད། རྟེན་གཞི་དེ་ཁ་ལོ་བའི་ཚོགས་སྤྱིའི་ལས་རིགས་ཁྱད་ཆོས་དང་དངོས་ཡོད་རེ་འདུན་གཞིར་བཟུང་ནས་ངལ་གསོ་བྱེད་ས་དང་། རླབས་ཐབ་ཀྱིས་ཟས་སྲོ་ཆས། ཆུ་ཁོད་འཐུང་ས། གློག་གསོག་ཡོ་བྱད། འཕྲལ་བསྟུན་སྨན་སྒམ། དམངས་ཕན་ལག་ཆ་སོགས་རྨང་གཞིའི་མཐུན་རྐྱེན་བཀོད་སྒྲིག་བྱས་ཡོད་ལ། ཁ་ལོ་ཚོའི་གནས་དེར་ངལ་གསོ་བ་དང་འཚོ་བ་མཁོ་སྤྲོད། འཕྲལ་བསྟུན་རོགས་སྐྱོབ། སྲིད་ཇུས་བློ་འདྲི། ཁྲིམས་ལུགས་ཁེ་དབང་སྲུང་སྐྱོབ་སོགས་གཞི་གཅིག་ཅན་གྱི་ཕན་བདེ་ཞབས་ཞུ་སྒྲུབ་བཞིན་ཡོད། དོན་དངོས་ཀྱིས་ཡུལ་དངོས་ཀྱི་ལས་བཟོ་བའི་བྲེལ་དཀའ་ཁྲལ་སྒུག་ཐག་གཅོད་བྱས། ཐག་རིང་དུ་འགྲོ་བཞིན་པའི་ཟོང་འཁོར་ལས་མིར“ཐང་ཆད་དུས་ངལ་གསོ་ཐུབ་པ་དང་ལྟོགས་དུས་ཟ་མ་དྲོན་པོ་ཟ་ཐུབ་པ། དཀའ་སྡུག་ལ་འཕྲད་ཚེ་རོགས་རམ་ཐོབ་པ”མངོན་འགྱུར་བྱུང་།
ཐེངས་འདིའི་མཉམ་འབྲེལ་སྒོ་བྱང་ཕྱེ་བ་ནི་བཟོ་ཚོགས་ཀྱིས་ལས་བཟོ་བར་ཕན་བདེའི་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་སྦྲེལ་ཐག་ཇེ་རིང་དུ་གཏོང་བ། ལས་རིགས་གསར་པའི་ལས་མིའི་རྩ་འཛུགས་ཁྱབ་ཁོངས་རྒྱ་སྐྱེད་བཅས་ཀྱི་གསར་གཏོད་ལག་ལེན་ཞིག་ཡིན། བཟོ་ཚོགས་ཀྱི་གནས་ཡུལ་གྱི་ཞབས་ཞུའི་ལེགས་ཆ་དང་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུ་ཡི་གཞི་རིམ་བཅོས་སྐྱོང་གི་ལེགས་ཆ་ཕྱོགས་གཉིས་ནས་ནུས་པ་སྤྲོད་པ་དང་མཉམ་འདྲེས་ཟབ་མོ་བྱས་ཏེ། ཁ་ལོ་བའི་ཚོགས་པ་འབྲེལ་མཐུད་དཀའ་བ་དང་ཞབས་འདེགས་ཞུ་དཀའ་བ། གཅེས་སྐྱོང་བྱེད་དཀའ་བ་སོགས་ཀྱི་ཞན་ཆ་སེལ་བ་དང་། “དྲ་ལམ+ཡུལ་དངོས། གཏན་འཇགས+འགུལ་སྐྱོད། ཕན་བདེ་ཅན+གནད་འཁེལ་ཅན”གཅིག་ཏུ་འདུས་པའི་བཟོ་ཚོགས་ལས་བཟོ་བའི་ཞབས་ཞུའི་རྣམ་པ་གསར་པ་མུ་མཐུད་འཐུས་ཚང་དུ་བཏང་སྟེ། བཟོ་ཚོགས་ཀྱི“ནང་མི་ལྟ་བུའི”དྲོ་སྐྱིད་དེ་གཞི་རིམ་འཐབ་ས་དང་པོ་རུ་ཐད་ཀར་སྐྱེལ་བ་དང་འཁོར་རྒྱུག་ལས་མི་རྣམས་ལ་སྐྱེལ་བཞིན་ཡོད་པས། ལས་རིགས་གསར་པའི་ལས་མིར་གཏོགས་སེམས་དང་བདེ་སྐྱིད་ཚོར་སེམས། གཟི་བརྗིད་ཚོར་བ་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
རྐང་ཚ་རྫོང་གིས་ལས་བཟོ་བའི་གཅེས་སྐྱོང་ཞབས་ཞུའི་རྟེན་གཞི་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དབྱར་དུས་བསིལ་བ་དང་དགུན་དུས་དྲོད་སྐྱིད་སྐྱེལ་བ། ཁྲིམས་ལུགས་ཁྱབ་གདལ་ཁེ་དབང་སྲུང་སྐྱོབ། བདེ་འཇགས་གསོ་སྦྱོང་། སེམས་གསོ་འཚམས་འདྲི་སོགས་ཀྱི་བཟོ་ཚོགས་སྤུས་རྟགས་ཞབས་ཞུ་རྒྱུན་ལྡན་ངང་སྤེལ་ནས། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་སྒྲིག་འཛུགས་ནང་ཞུགས་པ་དང་ཁེ་དབང་སྲུང་སྐྱོང་བྱེད་པ། ཀུན་ཕན་འགན་ལེན་བཅས་ཀྱི་ལས་དོན་ཁག་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། “དྲོད་སྐྱིད་ས་ཚིགས། ཁ་ལོ་བའི་གཞིས་ཁྱིམ”དེ་གཞི་རིམ་གྱི་ལས་བཟོར་ཞབས་འདེགས་ཞུ་བའི་དམངས་ཕན་རྟེན་གཞི་དང་། ལས་རིགས་གསར་པ་གཅིག་ཏུ་སྒྲིལ་བའི་འབྲེལ་ཐག་གི་རྟེན་གཞི། ཀུན་ཕན་ཞབས་ཞུ་ཟབ་སྤེལ་བྱེད་པའི་དཔེ་སྟོན་རྟེན་གཞི། གཞི་རིམ་བཅོས་སྐྱོང་ལ་ནུས་པ་སྤྲོད་པའི་ཕན་འབྲས་ལྡན་པའི་རྟེན་གཞི་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱས་ཏེ། བཟོ་ཚོགས་ཀྱིས་ལས་བཟོ་བ་མཐུན་སྒྲིལ་སྣེ་ཁྲིད་དང་། ལས་བཟོ་བའི་ཁེ་དབང་སྲུང་སྐྱོབ་བྱེད་པ། ལས་བཟོ་བར་ཞབས་འདེགས་ཞུ་བ་བཅས་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་བསྒྲུབས་ནས་རྐང་ཚ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལས་བཟོ་བའི་སྟོབས་ཤུགས་བསྡུ་རུབ་བྱས།