网站无障碍
མཚོ་བྱང་རྐང་ཚ་རྫོང་གི་སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་ཏེ་སློབ་མགོ་ཚུགས་པའི་དུས་ཚིགས་སྲུང་།
发布时间:2026年09月21日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཉེ་ཆར་མཚོ་བྱང་རྐང་ཚ་རྫོང་གིས་སློབ་གསོ་དང་སྤྱི་བདེ། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། འཕྲོད་བསྟེན། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དམངས་སྲིད་སོགས་སྡེ་ཁག་མང་པོའི་སྟོབས་ཤུགས་གཅིག་གྱུར་གྱིས་ཁྲིམས་ལུགས་དྲིལ་སྒྲོག་ཚོགས་པ་བཙུགས་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ལྔ་རུ“ཁྲིམས་སྐྱོང་སློབ་རའི་ནང་དུ་སྐྱེལ། སློབ་ཁྲིད་དང་པོར་ཁྲིམས་ལུགས་སློབ”ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ། བྱེད་སྒོ་འདི་ཡིས“ཆེད་དོན་སློབ་ཁྲིད+གྱོད་དཔེ་ཚན་ཁྱབ+ཡིག་ཆ་ཁྱབ་སྤེལ+སྤྲོ་ལྡན་འབྲེལའདྲིས”བཅས་ཀྱི་རྣམ་པ་སྤྱད་ནས་སློབ་མ་རྣམས་ལ་ཕྱོགས་ཡོངས་ནས་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་ཤེས་བྱ་འཁྲིད་པ་དང་། དགེ་སློབ་ཁྱོན་བསྡོམས་མི་གྲངས1500ལྷག་འདུས་ལ། ཁྲིམས་ལུགས་དྲིལ་སྒྲོག་ཡིག་རིགས་སྣ་ཚོགས1300ལྷག་བཀྲམ་པར་མ་ཟད། སློབ་རའི་བདེ་འཇགས་ཁྲིམས་ལུགས་སྲུང་རགས་བརྟན་པོ་བཙུགས།

    སྤྱི་བདེ་མི་དམངས་ཉེན་རྟོག་པས་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་བྱས་ནས་སློབ་གྲྭའི་ནང་བརྙས་བཅོས་ཀྱི་མཚོན་བྱེད་རྣམ་པ་དང་ཁྲིམས་ལུགས་ཀྱི་མཇུག་འབྲས་འགྲེལ་བཤད་བརྒྱབ་ལ། སློབ་མ་རྣམས་ལ་བརྙས་བཅོས་ལས་རིང་དུ་གྱེས་པ་དང་ཁྲིམས་ལྟར་རང་ཉིད་སྲུང་སྐྱོབ་བྱེད་སྟངས་ཤེས་སུ་བཅུག འགྲིམ་འགྲུལ་ཉེན་རྟོག་པ་ཚོས་སློབ་གྲྭ་འཚོག་པ་དང་གྲོལ་བའི་གནས་སྟངས་དང་སྦྲེལ་ནས། རྐང་ཐང་འགྲོ་བ་དང་འཕྲུལ་རྟ་བཞོན་པ། རླངས་འཁོར་ལ་སྡོད་པ་སོགས་ཀྱི་བདེ་འཇགས་སྒྲིག་སྲོལ་ཁྱབ་གདལ་བྱས་ཏེ། ནར་མ་སོན་པའི་བྱིས་པར་གློག་བསྐོར་འཕྲུལ་རྟ་ཞོན་མི་ཆོག་པ་དང་ཡི་གེ་མེད་པའི་རླངས་འཁོར་ལ་སྡོད་མི་རུང་བ་སོགས་ཀྱི་བླང་བྱ་གསལ་པོ་བཟོས་ཤིང་གྱོད་དཔེ་དྲངས་ཏེ་ཉེན་བརྡ་བཏང་ནས་སློབ་མའི་གཞུང་ལམ་འགྲིམ་འགྲུལ་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་། དྲིལ་བསྒྲགས་པས་གཞོན་ནུ་ལོ་ཆུང་ཁྲོད་མགོ་སྐོར་བསླུ་བྲིད་ཉེན་ཁ་ཆེ་བར་དམིགས་ནས། རོལ་རྩེད་ཀྱི་ནང་དུ་སྒོར་མོ་འཇོག་པ་དང་བྲིན་རྫུ་ཁེ་སློག དགེ་རྒན་ལ་བརྫུས་ནས་སྒོར་མོ་བསྡུ་བ། ཕན་བདེ་རྫུན་མ་ལེན་པ་སོགས་ཀྱི་གཡོ་ཇུས་ཞིབ་ཕྲར་བཀྲལ་ཞིང་། གསང་བ་སྲུང་བ་དང་ཆ་འཕྲིན་དོགས་པ་ཅན་ངོས་འཛིན་བྱེད་ཐབས་ངོ་སྤྲོད་བྱས་ལ། གནད་དོན་ལ་འཕྲད་ཚེ་དུས་ཐོག་ཏུ་དགེ་རྒན་དང་ཕ་མར་རོགས་རམ་ཞུ་དགོས་པའི་ཁྲིད་སྟོན་གནང་སྟེ་མགོ་གཡོག་མགོ་སྐོར་སྔོན་འགོག་གི་ནུས་པ་ཇེ་མཐོར་བཏང་།

    རྫོང་མི་དམངས་ཞིབ་དཔྱོད་ཁང་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམསནང་གི་ནར་མ་སོན་པའི་མིའི་ཁེ་དབང་འགན་སྲུང་བྱེད་པའི་འབྲེལ་ཡོད་ཁྲིམས་ལུགས་དོན་ཚན་འགྲེལ་བཤད་བྱས་ཏེ། སློབ་མ་རྣམས་ལ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཐབས་སློབ་སྦྱོང་བྱེད་དུ་བཅུག་པ་དང་། རྫོང་མི་དམངས་ཁྲིམས་ཁང་གིས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད། གྱོད་དཔེ་སློབ་ཁྲིད་དང་སློབ་གྲྭའི་གནས་ཚུལ་དངོས་དང་འཚམ་པའི་དཔེ་མཚོན་བརྙན་ཐུང་བསྟན་ནས། སློབ་མ་ཚོས་ཉེས་གསོག་བྱ་སྤྱོད་ཀྱི་གནོད་འཚེ་ཐད་ཀར་ཚོར་ཐུབ་པ་བྱས་ཏེ་ཁྲིམས་ལུགས་སློབ་གསོ་ཉེན་ཟོན་གྱི་ནུས་པ་ཆེ་རུ་བཏང་།

    རྐང་ཚ་རྫོང་ཁྲིམས་འཛིན་ཅུསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམསབཅས་ལ་དམིགས་ནས་དྲིལ་བསྒྲགས་བྱས་ཏེ། འོས་འགན་སློབ་གསོ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དང་ནར་མ་སོན་པའི་མི་བཅོས་སྒྲིག་བྱེད་པའི་ཤེས་བྱ་ཁྱབ་གདལ་དུ་བཏང་ཞིང་། འབྲོག་ཁུལ་གྱི་སློབ་སྦྱོང་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ལོ་དགུའི་འོས་འགན་སློབ་གསོའི་སྤྱི་ཕན་རང་བཞིན་དང་བཙན་ཤེད་རང་བཞིན་གྱི་ཁྱད་ཆོས་འགྲེལ་བཤད་བྱས་པ་དང་། སློབ་བྱོལ་དང་སློབ་ཁྲིད་ལ་ཆད་པ། བྲོས་བྱོལ་བྱེད་པ་སོགས་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་དང་ཁྲིམས་ལུགས་འགན་འཁྲི་གསལ་བཤད་བྱས་ནས། སློབ་མ་ཚོར“སློབ་གཉེར་ནི་ཐོབ་ཐང་ཡིན་ལ་འོས་འགན་ཡང་ཡིན”པའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་སློབ་གྲྭའི་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུར་སྐུལ་མ་བཏང་།

    སེམས་ཁམས་སློབ་སྟོན་གྱིས་སེམས་ཚོར་དོ་དམ་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ། ལྡོག་ཕྱོགས་ཀྱི་གནོད་སྐྱོན་དང་ཚན་རིག་གི་ཐབས་ལམ་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དགེ་མཚན་ལྡན་པའི་སེམས་ཁམས་བརྡ་སྐུལ་དང་རང་འགུལ་གྱིས་རོགས་རམ་འཚོལ་བ་སོགས་སྙོམས་སྒྲིག་བྱེད་ཐབས་སློབ་ཁྲིད་བྱེད་པ། སློབ་མ་རྣམས་ལ་སློབ་སྦྱོང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ། བདེ་ཞིང་སྐྱིད་པའི་སེམས་ཁམས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། འཕྲོད་བསྟེན་སྡེ་ཁག་གིས་འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་བཏང་སྟེ། གཞོན་ནུ་ལོ་ཆུང་ཚོའི་ཟས་བཅུད་དོ་མཉམ་དང་ལུས་རྩལ་སྦྱོང་བརྡར་བྱེད་སྟངས་ངོ་སྤྲོད་བྱས་པར་མ་ཟད། འཚོ་བའི་གོམས་གཤིས་བཟང་པོ་དར་སྤེལ་བཏང་། དེ་དང་ཆབས་ཅིག་མིག་ནད་སྔོན་འགོག་ཐད་དོ་སྣང་ཆེན་པོ་བྱས་ནས་མིག་སྤྱོད་སྟངས་ཚད་ལྡན་ཡིན་པ་འགྲེལ་བཤད་བྱས་པ་དང་། མིག་སྲུང་ཐབས་དང་ཀློག་འབྲི་བྱེད་སྟངས་ཡང་དག་པ་དྲིལ་བསྒྲགས་བྱས་ཏེ་སློབ་མ་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་མིག་སྲུང་སྐྱོབ་བྱེད་པའི་གོམས་གཤིས་འཇགས་སུ་བཅུག

     རྫོང་དམངས་སྲིད་ཅུ་ཡིས་ནར་མ་སོན་པའི་བྱིས་པ་སྲུང་སྐྱོབ་ལས་དོན་ལ་དམིགས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་བྱིས་པར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམསནང་གི་སྲུང་སྐྱོབ་ཆེན་པོ་བཞིའི་ནང་དོན་འགྲེལ་བཤད་བྱས་པ་དང་། དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་སོགས་དཀའ་ངལ་ཆེ་བའི་ཚོགས་སྤྱིའི་འཚོ་བ་རོགས་སྐྱོབ་དང་སློབ་གསོའི་རྒྱབ་སྐྱོར། སེམས་ཁམས་གཅེས་སྐྱོང་བཅས་ཀྱི་མཐའ་སྐྱོར་རོགས་སྐྱོར་སྲིད་ཇུས་ཞིབ་ཕྲར་ངོ་སྤྲོད་བྱས། སློབ་མ་རྣམས་ཀྱིས་འཚོ་བ་དང་ལྟ་རྟོག སེམས་ཁམས་ཐད་དཀའ་ངལ་དང་འཕྲད་ཚེ་དུས་ཐོག་ཏུ་སློབ་གྲྭ་དང་དམངས་སྲིད་སྡེ་ཁག་ལ་རོགས་རམ་ཞུ་ཆོག་པ་གསལ་བཤད་བྱས་ཏེ། ནར་མ་སོན་པའི་བྱིས་པར་སེམས་ཁུར་དང་རོགས་སྐྱོར་གྱི་ཐབས་ལམ་ཤར་གཏོང་བྱས།