网站无障碍
མཚོ་སྔོན་དང་ཧྲན་ཏུང་གི་བློ་སེམས་གཅིག་དུ་སྒྲིལ་བས་རོགས་སྐྱོར་གྱི་གྲུབ་འབྲས་ཚར་དུ་མངར།
发布时间:2026年09月22日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    རི་བོ་གཅིག་གིས་བརྩེ་བ་ཟབ་མོ་མཚོན་ལ། ཆུ་མོ་གཅིག་གིས་ཕྱོགས་གཉིས་མཉམ་དུ་སྦྲེལ། ཤར་ནུབ་མཉམ་ལས་ཁ་གཏད་རོགས་སྐྱོར་ལས་དོན་མགོ་བརྩམས་པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་ལིའོ་གྲོང་ཁྱེར་དང་རྐང་ཚ་རྫོང་དབར་ལེ་བར་སྟོང་ཕྲག་གིས་ཆོད་ཀྱང་། ཆ་སྒྲིག་རོགས་སྐྱོར་སྦྲེལ་ཐག་དང་མཉམ་དུ་འཕེལ་རྒྱས་གཏོང་བ་དམིགས་ཡུལ་དུ་བྱས་ཏེ། ཤེས་ལྡན་མི་སྣ་འགྲོ་འོང་དང་ལས་གཞི་མཉམ་སྐྲུན། ཐོན་ལས་དར་སྤེལ། དམངས་ཚིས་མཉམ་སྤྱོད་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ཕྱོགས་གཉིས་ཀ་མདུན་བསྐྱོད་བྱེད་པའི་ལག་ལེན་འདི་ཡིས། མཚོ་སྔོན་པོའི་བྱང་ངོགས་སུ་མི་རིགས་མཐུན་སྒྲིལ་དང་མི་དམངས་ཕྱུག་འགྱུར་གྱི་རི་མོ་ཡིད་དུ་འོང་བ་ཞིག་མངོན་པར་བྱས།

   ཤེས་རབ་ཀྱིས་མཚོ་སྔོན་ལ་ཆུ་རྒྱུན་བཟང་པོ་བསྐྱལ། འཇོན་མི་རྩྭ་ཐང་དུ་གཞི་ཚུགས་ནས་ལག་རྩལ་སྤེལ། འཇོན་མི་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་པོ་ཡིན། ས་ཆ་གཉིས་ཀས“སློབ་གསོ་གཙིགས་འཛིན་དང་མཁོ་སྤྲོད་སྦྲེལ་མཐུད་བྱེད་པར”རྒྱུན་འཁྱོངས་བྱས་ཏེ། “རིག་ནུས་གཙང་གསུམ་སུ་འདུས་ནས། མཚོ་སྔོན་གསར་པར་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་གྲོས་མོལ་སྟེགས་བུ་བརྒྱུད་དེ། འཇོན་མིའི་མཉམ་ལས་ལས་གཞི་བཅུ་ལྷག་གནད་འཁེལ་ངང་ལག་བསྟར་བྱས་པ་དང་། ཁྱབ་ཁོངས་སོ་སོའི་ཆེད་ལས་མཁས་པ60ལྷག་གདན་འདྲེན་ཞུས་ཏེ་རྐང་ཚ་རྫོང་གི་འཕེལ་རྒྱས་ལ་ཧྲན་ཏུང་གི་བློ་གྲོས་གསར་བ་བསྣན། སྨན་བཅོས་རོགས་སྐྱོར་གྱིས་འབྲོག་ཁུལ་གྱི་ནད་བཅོས་དཀའ་གནད་ཐད་ཀར་ཐག་གཅོད་བྱས། ལིའོ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་པ6གཞི་རིམ་སྨན་ཁང་དུ་ཡུན་རིང་བསྡད་དེ་མང་ཚོགས་ཁྲི1.7ལྷག་ལ་བརྟག་དཔྱད་བྱས་པ་དང་། སྔོན་ཐོན་གསོ་ཐབས་རྣམ་གྲངས42གསར་གཏོད་ལག་ལེན་དུ་བསྟར་ཞིང་། ས་ཁུལ་ནང་གི་སྦྲིད་སྨན་ཟུག་གཅོག་ལྟེ་གནས་ཐོག་མ་བཙུགས་པར་མ་ཟད། གཅོང་ནད་ཅན་དང་ཟུག་གཟེར་ཡོད་མཁན1500ཙམ་རང་ཁྱིམ་སྒོ་འགྲམ་ནས་ཆེད་ལས་སྐྱོབ་བཅོས་ཐུབ། སྨན་བཅོས་འགན་བཅོལDRGདོ་དམ་ཆེད་མཁས་པ་གདན་དྲངས་ཏེ་སྨན་ཁང་གཉེར་སྐྱོང་བརྒྱུད་རིམ་ལེགས་སྒྱུར་བྱས་ཤིང་། གཞི་རིམ་སྨན་བཅོས་དོ་དམ་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་། སློབ་གསོ་མཉམ་འབྲེལ་གྱིས་སློབ་ཁྲིད་སྟེགས་བུར་ཞིབ་འཇུག་གཏིང་ཟབ་བྱས། ལིའོ་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན44རྐང་ཚར་ཡོང་སྟེ་སློབ་གསོར་རོགས་རམ་བྱས་པ་དང་། “ལིའོ་གྲོང་ཁྱེར་སློབ་གསོ་བོད་སྐྱོར་དགེ་རྒན་གྱི་ལས་སྒྲུབ་ཁང”ཞེས་པ་བཙུགས་པ་དང་དགེ་སློབ91ཆ་སྒྲིག་བྱས་ཏེ། ཁྱོན་བསྡོམས་སློབ་ཚན་ཉན་དཔྱད་ཐེངས2270ལྷག་སྤེལ་བ་དང་། ཁྲིད་སྟོན་བྱེད་སྟངས་སྤྱད་དེ་ས་གནས་འདིའི་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ནུས་པ་མ་ལག་ཚང་བའི་སྒོ་ནས་མཐོར་འདེགས་སུ་བཏང་། ཞིང་འབྲོག་ལག་རྩལ་ཆེད་མཁས་པ3འབྲོག་སར་སོང་སྟེ་ཚོགས་སྒྲིག་རོགས་སྐྱོར་བྱས་པ་དང་། སྡེ་བ་སོ་སོའི་རྩྭ་རར་རྟོག་ཞིབ་བརྟག་བཤེར་མཐར་ཕྱིན་བྱས་རྗེས་སྙན་ཞུ་ཞིབ་ཕྲ5བྲིས་ཏེ། མཐོ་སྒང་ཕྱུགས་ལས་ལས་རིགས་བསྒྱུར་བཀོད་རིམ་སྤོར་ཐད་ཚན་རིག་དང་མཐུན་པའི་ལམ་བུ་མཁོ་འདོན་བྱས། ཕྱོགས་གཉིས་ཀས་མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་སྟེགས་བུ་མུ་མཐུད་དུ་བསྐྲུན་བཞིན་ཡོད་ལ། དུས་རྒྱུན་དུ“རྒྱ་བོད་ཁྱིམ་ཚང་གཅིག”ཅེས་པ་ལྟ་བུའི་མཛའ་འབྲེལ་བྱེད་སྒོ་སྤེལ་གྱིན་ཡོད་ཅིང་། ཕྱུག་འགྱུར་སྣེ་ཁྲིད་པ་ཕན་ཚུན་འཚམས་འདྲི་སློབ་སྦྱོང་བྱེད་པ་དང་གཞོན་ནུ་ལོ་ཆུང་ས་ཁོངས་བརྒལ་བའི་ལག་ལེན་བྱ་འགུལ་སོགས་རྩ་འཛུགས་བྱེད་ཀྱིན་ཡོད། གྲོང་གསེབ་དར་སྤེལ་དང་སློབ་གསོ། རིག་གནས་གནས་སྐོར་བཅས་ཁྱབ་ཁོངས་མང་པོའི་གྲོས་ཆོད་བཞག་སྟེ། མི་རིགས་སོ་སོའི་མི་དམངས་རྣམས་འབྲེལ་འདྲིས་བརྗེ་རེས་ཁྲོད་མཛའ་མཐུན་ཇེ་ཟབ་ཏུ་སོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་ཅིང་རྒྱས་པར་གྱུར་ཏོ།།

    རོགས་སྐྱོར་ལས་གཞི་གནད་འཁེལ་ངང་ལག་བསྟར་བྱས་ཏེ། མ་དངུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོར་འདེགས་ལ་ནུས་པ་བཏོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ལ། ཧྲན་ཏུང་ཞིང་ཆེན་ལིའོ་གྲོང་ཁྱེར་གྱིས་ཁྱོན་བསྡོམས་མཚོ་བྱང་ཁུལ་གྱི་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2བཏང་སྟེ། དམངས་ཚིས་དང་ཐོན་ལས། སྐྱེ་ཁམས། གྲོང་གསེབ་དར་སྤེལ་བཅས་ཚུད་པའི་གཙོ་གནད་ལས་གཞི21གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས། ལས་གཞི་ལེགས་འགྲུབ་བྱུང་བ་དང་དངུལ་གཏོང་ཚད་འཇལ་ཞིབ་བཤེར་བེད་སྤྱོད་བྱེད་པའི་དམིགས་ཚད་གསུམ་པོ་མཚོ་བྱང་ཁུལ་གྱི་མདུན་གྲལ་དུ་བརྟན་པོར་གནས་ཤིང་། སྐྱེ་ཁམས་དང་དམངས་ཚིས། ཐོན་ལས་ཕན་འབྲས་བཅས་དུས་མཉམ་དུ་མཐོ་རུ་ཕྱིན་ཡོད། གྲོང་གསེབ་དར་སྤེལ་འགྲན་བསྡུར་ཁྲོད་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་ནི། སྒོར་ཁྲི2100ཡིས་དཀོན་ལོ་ཚང་གོང་མ་སྡེ་བའི་དཔེ་སྟོན་ལས་གཞི་འཚོལ་ཞིབ་བྱས་པ་བརྒྱུད་ནས་ཞིང་ཕྱུགས་ལས་ཐོན་རྫས་བཟོ་སྣོན་དང་མཐོ་སྒང་རིག་གནས་གནས་སྐོར་ཟུང་འབྲེལ་གྱི་ལམ་བུ་བཏོད་དེ། སྡོད་གནས་འཚམ་པོ་དང་ལས་ཀ་གཉེར་བདེ་བའི་མཛེས་སྡུག་ལྡན་པའི་གྲོང་སྡེའི་དཔེ་མཚོན་བསྐྲུན་པར་མ་ཟད། སྒོར་ཁྲི1000གིས་གཡི་དཀར་འོམ་ལུང་ཡུལ་ཚོའི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ་སྲོལ་རྒྱུན་ཕྱུགས་འཚོ་བ་དེ་ལྗང་མདོག་གཅིག་བསྡུས་རང་བཞིན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་། སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་གཞིས་ཆགས་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་ཅིང་། མཚོ་སྔོན་པོའི་མཚོ་ཆུ་རྒྱས་པས་རྩྭ་སར་ཤུགས་རྐྱེན་ཐེབས་པའི་ཡུལ་མི་གནས་སྤོ་བྱ་རྒྱུར་སྤྱོད་པའི་ལས་གྲྭ་དེར་མ་དངུལ་སྒོར་ཁྲི2000བཏང་བ་དང་། འོམ་དཀར་ཆུ་བོའི་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭས་ཆུའི་ཐོན་ཁུངས་གསོ་སྐྱོང་དང་བརླན་ས་སླར་གསོ། ཆུ་ལོག་སྔོན་འགོག་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་དང་ཆབས་ཅིག སྐྱེ་ཁམས་ཐོན་ལས་མུ་འབྲེལ་རྒྱ་བསྐྱེད་པ་དང་ས་གནས་མི་དམངས་ལས་ཞུགས་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་ཡོད། གྲངས་འཛིན་བཟོ་ལས་དང་ཟས་རིགས་ལས་རིགས་འཕེལ་རྒྱས་འགྲོ་བའི་ཞན་ཆ་གསབ་ཆེད། སྒོར་ཁྲི1000གིས་རིག་ནུས་ཕྱུགས་ལས་ཆ་འཕྲིན་དོ་དམ་སྟེགས་བུ་བསྐྲུན་པ་དེས་གསོ་སྤེལ་བརྒྱུད་རིམ་ཧྲིལ་བོར་གྲངས་གཞི་ཅན་གྱི་སྒོ་ནས་ཚོད་འཛིན་ཐུབ་པ་བྱུང་། སྒོར་ཁྲི300ཡིས་ཧྲན་ཏུང་རོགས་སྐྲུན་གཟན་ཆས་ཐོན་སྐྱེད་ལམ་ཐིག་གསར་དུ་བཙུགས་པ་དེས་ས་གནས་རང་གི་གཟན་ཆས་ཐོན་སྐྱེད་སྟོང་ཆ་བསྐངས་ཏེ་འདེབས་འཛུགས་དང་། སྐྱེལ་འདྲེན་གོང་འོག་མཉམ་འགུལ་གོང་འཕེལ་ཡོང་བར་མཐུན་རྐྱེན་སྦྱར། དམངས་ཚིས་ལ་མཁོ་བའི་སྒྲིག་བཀོད་མུ་མཐུད་འཐུས་ཇེ་ཚང་དུ་བཏང་། སྒོར་ཁྲི600ཡིས་བོད་མཁར་བྱིས་སྐྱོང་ཁང་གི་ཞོར་གཏོགས་ལས་གཞི་རྒྱ་སྐྱེད་པ་ཡིན་ལ། འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་དུ་བཏང་ནས་འབྲོག་པ་རྣམས་ཀྱི་བྱིས་པ་ཐག་ཉེ་སའི་བྱིས་སྐྱོང་ཁང་དུ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས། སྒོར་ཁྲི1400ཡིས་ཡུལ་ཚོའི་འཕྲོད་བསྟེན་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་གསར་པ་སྐྲུན་ཚར་བར་མ་ཟད་ནད་བརྟག་ཡོ་བྱད་ཆ་ཚང་བསྒྲིགས་ཡོད་པས་དལ་གཤིས་ནད་གཞི་དོ་དམ་དང་ཞག་སྡོད་ཞབས་ཞུ་སྒྲུབ་ཐུབ་ཀྱིན་ཡོད་པ་དང་། ནད་པ་རྣམས་ས་ཆ་གཞན་དུ་སྨན་བསྟེན་དགོས་པའི་གྲོན་དངུལ་ཇེ་ཉུང་དུ་བཏང་སྟབས། གཞི་རིམ་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཆོང་སྐྱོད་ལྟ་བུར་ཡར་རྒྱས་ཆེན་པོ་བྱུང་ཡོད།

     ཐོན་ལས་མཉམ་ལས་བྱེད་ཕྱོགས་གཉིས་ཀར་ནུས་པ་འདོན་སྤེལ་བྱས་ཏེ། ཚོང་འབྲེལ་འགུལ་སྐྱོད་ཀྱིས་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། “མཚོ་སྔོན་ཉོ་ཚོང་གྲོས་མོལ་ཚོགས་འདུའི”སྟེགས་བུ་ལ་བརྟེན་ནས། རྐང་ཚ་ཡིས་ལིའོ་གྲོང་ཁྱེར་གྱི་ཐོན་ཁུངས་ལེགས་ཆ་སྤྱད་དེ་ཚོང་འགུག་མ་འདྲེན་གནད་ལ་འཁེལ་བ་སྟེ། ཧའེ་ཞུན(མཚོ་སྔོན)ནུས་ཁུངས་གསར་བ་ཁེ་ལས་ནང་དུ་དྲངས་ནས་སྒོར་དུང་ཕྱུར1.2ཀྱི་གན་རྒྱ་བཞག་པ་དང་། 2024ལོར་ཧྲན་ཏུང་ཀོན་རྫོང་མུའུ་ཏེ་ལས་རིགས་ས་གནས་འདིར་བཅའ་སྡོད་བྱས། མཚོ་སྔོན་མུའུ་ཏེ་ཟས་རིགས་ཚད་ཡོད་སྤྱོ་གཉེར་བཙུགས་ནས་ཞིང་ལས་ཐོན་རྫས་གཏིང་ཟབ་ཏུ་བཟོ་སྐྲུན་བྱེད་པའི་ཞན་ཆ་གསབ། ཧྲན་ཏུང་དང་མཚོ་སྔོན་བར་གྱི་ཕྱིར་འཚོང་ལམ་བུ་གཉིས་ཀ་ཡོངས་སུ་ཕྱེས་ཤིང་། ལིའོ་གྲོང་ཁྱེར་དུ་རྐང་ཚའི་ནོར་ལུག་ཤ་ཐད་ཀར་ཚོང་ཁང་བཙུགས་པ་བརྒྱུད་མཐོ་སྒང་གི་ཕྱུགས་ལས་ཐོན་རྫས་ཏུན35ཕྱི་རུ་བཙོངས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་མཉམ་འབྲེལ་གྱིས་ཐད་གཏོང་ཚོང་ཟོག་བཙོང་བ་སོགས་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱིས་བསྡོམས་པས་དངུལ་འབོར་ཁྲི3450ལྷག་ཟིན་པས། “རྐང་ཚའི་མཚོ་སྔོན་པོ་བོད་ལུག”དང“རྐང་ཚའི་མཚོ་སྔོན་པོ་ནོར་གནག”ཅེས་པའི་ས་ཁོངས་སྤྱི་སྤྱོད་ཟོང་རྟགས་མུ་མཐུད་དུ་ཇེ་གསལ་དུ་བཏང་། ཐོན་ལས་གསར་གཏོད་མུ་མཐུད་ཤུགས་ཆེ་རུ་བཏང་བ་ལས། བོད་ལུག་གི་རྒྱུད་ཇེ་ལེགས་སུ་གཏོང་བ་ལེགས་འགྲུབ་བྱུང་བར་མ་ཟད། ཧྲན་ཏུང་ས་ཁུལ་ཁག་ཏུ་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཐེངས9འཚོགས། མཐོ་སྒང་འདེབས་འཛུགས་ཀྱི་བཀག་རྒྱ་གཏོར་ནས་ཤྭ་མོ་ཚོད་ལྟ་ལེགས་འགྲུབ་བྱུང་ཞིང་། མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་སྟར་ཁུ་དང་འཚོ་བཅུད་སྤྲི་དཀར་སོགས་ཐོན་རྫས་བཟང་བོ་བཅུ་ལྷག་བཟོས། དེའི་ཁྲོད་ནོར་གནག་དང་བོད་ལུག་གི་ཐོན་རྫས་རྣམས་ལ2025ལོའི་ཧྲན་ཏུང་ཕྱུགས་ཟོག་འགྲེམ་སྟོན་ཚོགས་ཆེན་སྟེང་གསེར་གྱི་བྱ་དགའ་ཐོབ་པ་དང་། ཐོན་རྫས4རྒྱལ་ཡོངས་མིང་གྲགས་ཅན་དང་ཁྱད་ཆོས་ལྡན་པ་གསར་བ་ཡིན་པར་ངོས་འཛིན་ཐོབ། ཕྱུགས་ལས་ཡོངས་རྫོགས་ལ་སྐྱེ་ལྡན་ཁས་ལེན་ཐོབ་ཅིང་། འཆར་གཞི་ལྟར་ན་སྤྱི་ལོ2027ལོའི་ཟླ6པར་ལོག་དཀར་དང་ནས། ཡུག་པོ་བཅས་འདེབས་འཛུགས་ལས་རིགས་ཡོངས་ལ་སྐྱེ་ལྡན་ཁས་ལེན་འཐོབ་རྒྱུ་ཡིན་པ་དེས་ཐོན་ལས་མུ་ཐག་རིང་དུ་བསྲིངས་ནས་ཐོན་རྫས་རིན་ཐང་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས་བྱ་ངེས་སོ།།

     དམངས་ཚིས་ཀྱི་བྱ་བ་དངོས་ལ་ཕན་འབྲས་ཐོན་ཞིང་། སྨན་བཅོས་དང་སློབ་གསོས་མཐོ་སྒང་གི་མི་སེམས་དྲོ་བར་བྱས། སྨན་བཅོས་ཀྱི་ཐད་ནས“འོད་གསལ་བགྲོད”ཞེས་པའི་སྤྱི་ཕན་སྨན་བཅོས་ལས་གཞི་མུ་མཐུད་སྤེལ་ཏེ། མིག་ནད་སྐྱ་འགྲིབ་བསྐྱར་གསོའི་གཤགས་བཅོས་ཐེངས244བྱས་པ་དང་། མང་ཚོགས་ཀྱི་སྨན་རིན་སྒོར་ཁྲི200ལྷག་འཕྲི་སྤང་བཏང་། ལས་དོན་འདི་དག་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཟེངས་བསྟོད་བྱས་ཡོད། སྨན་པ་ཚོས་ནད་པ་སྨན་ཁང་དུ་བསྡད་པའི་ཟིན་ཐོ4000ལྷག་ལེགས་སྒྲིག་བྱས་ཤིང་། ནད་གཞི་མང་པོ་འབྱུང་སར་དུས་རྒྱུན་རང་བཞིན་གྱི་ལག་རྩལ་སྦྱོང་བརྡར་སྤེལ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་ཀྱིས་འཕྲོད་བསྟེན་འཆད་ཁྲིད་ཐེངས52གཉེར་བ་དེས་མང་ཚོགས་ཁྲི2ལྷག་ལ་ཕན་པ་ཐོབ། རྫོང་ཁོངས་སུ་རྒྱང་བསྟེན་གསོ་བཅོས་མ་ལག་ཆ་ཚང་བཙུགས་ཡོད་པ་དང་། རྒྱང་བསྟེན་སྙིང་གློག་པར་ལེན་དང་ཁྲག་ཤེད་ལྟ་ཞིབ་ལྟེ་གནས་དྲ་ཐོག་གྲོས་ཚོགས་སྟེགས་བུ་བཅས་བེད་སྤྱོད་གཏོང་མགོ་ཚུགས་ཡོད་ལ། རྒྱང་བསྟེན་གསོ་སྦྱོང་དང་གྲོས་མོལ་ཚོགས་འདུ་ཐེངས30ལྷག་འཚོགས་ཡོད། ས་གནས་རང་གི་གསོ་རིག་རྐང་འཛིན་པ10གསོ་སྐྱོང་བྱས་པ་དང་སྨན་པ8ལིའོ་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་མངགས་པ་བརྒྱུད་དུས་ཡུན་རིང་པོར་འབྲོག་ཁུལ་དུ་གནས་ཐུབ་པའི་སྨན་བཅོས་དཔུང་སྡེ་ཞིག་སྐྱེད་སྲིང་བྱས།

སློབ་གསོའི་ཐད་ནས་ལིའོ་གྲོང་ཁྱེར་སློབ་གསོ་ཅུ་དང་མཉམ་དུ་ཡུན་རིང་མཉམ་ལས་དྲན་ཐོ་བཞག་ཅིང་། དགེ་རྒན་གྲགས་ཅན་དང་སློབ་གྲྭ་ཆུང་འབྲིང་གི་མགོ་ཁྲིད་པ་མི་གྲངས20ལྷག་གདན་དྲངས་ཏེ་མཐོ་སྒང་དུ་སློབ་ཁྲིད་རོགས་སྐྱོར་གནང་རོགས་ཞུས། རིམ་པ་བགོས་ནས་ས་གནས་འདིའི་སློབ་གསོ་ལས་བྱེད་པ་དང་དགེ་རྒན112ཧྲན་ཏུང་ཞིང་ཆེན་དུ་ལས་གནས་བརྗེ་རེས་ངང་ཟབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས། དྲ་རྒྱ་བེད་སྤྱད་དེ“བར་སྣང་འཛིན་གྲྭ”ཞེས་པའི་རྒྱང་བསྟེན་སློབ་གསོའི་སྟེགས་བུ་བཙུགས་པ་བརྒྱུད་ས་ཆ་གཉིས་ཀའི་སློབ་ཚན་གཅིག་མཚུངས་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱུང་སྟེ། འབྲོག་ཁུལ་དུ་དགེ་རྒན་སྤུས་ལེགས་དཀོན་པའི་དཀའ་ངལ་སེལ་ཐུབ། ལིའོ་གྲོང་ཁྱེར་གྱི་མཚོ་བྱང་འཛིན་གྲྭར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ད་ལྟར་སློབ་མ120སློབ་གྲྭ་འདིར་སློབ་གཉེར་བྱེད་བཞིན་ཡོད་ལ། སློབ་ཆེན་དུ་ཞུགས་ཚད96.2%ཟིན་པས་མཐོ་སྒང་གི་བྱིས་པ་རྣམས་འཚར་ལོངས་ཡོང་བའི་ལམ་བུ་བཟང་པོ་བསྐྲུན་ཡོད།

ཡིད་སེམས་མཐུན་ན་མཉམ་ལས་མུ་མཐའ་བྲལ། ཧྲན་ཏུང་དང་མཚོ་སྔོན་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད། ད་ལྟར། ཧྲན་ཏུང་ཁ་གཏད་རོགས་སྐྱོར་གྱི་འབྲས་བུ་གཡུར་དུ་ཟ་བ་རྣམས་རྐང་ཚའི་ས་གཞི་ཡོངས་སུ་ཁྱབ་ཡོད། ས་ཆ་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱ་བསྐྱེད་དང་རྣམ་པ་གསར་གཏོད་བྱས་ཏེ། འཇོན་མི་གསོ་སྐྱོང་མཉམ་དུ་བྱེད་པ་དང་ཐོན་ལས་འཛུགས་སྐྲུན་མཉམ་སྤྱོད་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་མཉམ་དུ་སྤེལ་བ། དམངས་ཚིས་ལོངས་སྤྱོད་འདྲ་མཉམ་ཡོང་བ་བཅས་ལ་འབད་བརྩོན་ཆེན་པོ་བྱ་རྒྱུ་ཡིན། ཤར་ནུབ་ས་ཁུལ་བར་གྱི་མཐུན་སྦྱོར་ནུས་པ་ཤུགས་ཆེན་པོ་འདོན་སྤེལ་བྱས་ཏེ་མཐོ་སྒང་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་སོ་སོའི་མང་ཚོགས་ཕྱུག་འགྱུར་ཡོང་བའི་ལེའུ་གསར་བ་ཞིག་འབྲི་བར་ལག་གདང་སྦྲེལ་ནས་ཡོད།