རྐང་ཚ་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྱུར་རྐྱེན་སེལ་ནས་དུས་ཆེན་གཉིས་ཀྱི་རིག་གནས་གནས་སྐོར་བདེ་འཇགས་སྲུང་རགས་ཇེ་བརྟན་དུ་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུ་ཡིས་མེ་གསོད་རུ་ཆེན་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཕྱོགས་བསྡུས་ཁྲིམས་འཛིན་ཅུ་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ། ཁོངས་གཏོགས་ཀྱི་སྐར་རིམ་མགྲོན་ཁང་དང་མཛེས་ལྗོངས་ཁུལ། གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་བཅས་གཙོ་གནད་དུ་བཟུང་ནས། “དུས་ཆེན་གཉིས”མ་སླེབས་གོང་གི་བདེ་འཇགས་ཐོན་སྐྱེད་དང་ལས་རིགས་འཆོལ་ཉོག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དག་ཐེར་ལས་དོན་སྤེལ་ཞིང་ཁྱོན་ཡོངས་ནས་གནས་སྐོར་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་རགས་ཇེ་བརྟན་དུ་གཏོང་བ་དང་། གནས་སྐོར་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་བཟོ་བ། བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ། འཆམ་མཐུན་བཅས་ཀྱི་དུས་ཆེན་གནས་སྐོར་ཁོར་ཡུག་བཟང་པོ་ཞིག་བསྐྲུན།

ཐེངས་འདིའི་མཉམ་འབྲེལ་ཞིབ་བཤེར་གྱིས“ཕྱོགས་ཡོངས་ཁྱབ་པ་དང་ཉེན་ཁ་མེད་པ། བརྟག་དཔྱད་ནན་ཏན། སྒྲིག་སྲོལ་མཐོང་ཆེན”བཅས་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རིག་གནས་གནས་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་གནད་འགག་གཙོ་བོ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་དཀའ་གནད་གཙོ་བོར་དམིགས་ནས་ཞིབ་བཤེར་བྱ་ཡུལ་གཏན་འཁེལ་གསལ་པོ་བྱས། བདེ་འཇགས་ཐོན་སྐྱེད་ཐད་དུ། གཉེར་སྐྱོང་ཚན་པ་ཁག་གི་མེ་ཟོན་བདེ་འཇགས་ལམ་ལུགས་ལག་བསྟར་གནས་ཚུལ་ལ་གཙོ་གནད་དུ་བཟུང་སྟེ་ཞིབ་བཤེར་བྱས་པ་དང་། མེ་སྐྱོན་འགོག་གསོད་ཡོ་བྱད་སྒྲིག་སྦྱོར་དང་ཉམས་གསོ། ལོ་བཤེར། བེད་སྤྱོད་རུང་བ་བཅས་ཀྱི་གནས་སྟངས་ཞིབ་ཕྲ་བརྟག་ཅིང་། བདེ་འཇགས་བགྲོད་ལམ་དང་བདེ་འཇགས་འབུད་སྒོ་ཤར་གཏོང་ཐུབ་མིན། མེ་དང་གློག སོལ་དབུགས་སྤྱོད་སྟངས་ཚད་དང་མཐུན་མིན། འཕྲལ་སྡོམ་སྔོན་ཇུས་བཟོ་འགོད་དང་ལས་རེས་ཐུན་སྲུང་། ཉེན་བརྡའི་མཚོན་རྟགས་བཀོད་སྒྲིག་སོགས་རེ་རེ་བཞིན་རྩད་གཅོད་བྱས་ཏེ་མེ་ཟོན་བདེ་འཇགས་དང་སྒྲིག་ཆས་འཁོར་སྐྱོད་སོགས་རིགས་སྣ་ཚོགས་ཀྱི་བདེ་འཇགས་བྱུར་རྐྱེན་ཕྱོགས་ཡོངས་ནས་གཙང་སེལ་དག་ཐེར་བྱས།

ལས་རིགས་ཀྱི་འཆོལ་ཉོག་དག་ཐེར་བཅོས་སྐྱོང་བྱེད་པའི་ཐད་ནས། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་གནས་སྐོར་ཁྲོམ་རའི་གནད་དོན་གཙོ་བོར་དམིགས་ཏེ། “ཁྲིམས་འགལ་སྣེ་ཤན་པ”དང་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ། ལག་ཁྱེར་མེད་པར་ཚོགས་པ་འཁྲིད་པ། རིན་གོང་དམའ་བའི་གནས་སྐོར། བཙན་ཤེད་འཛད་སྤྱོད། མགོ་སྐོར་གཏོང་བའི་འཛད་སྤྱོད། གཡོ་སྒྱུ་ཚོང་གཉེར་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ཏེ་དག་ཐེར་བྱས། ཡུལ་དངོས་སུ་གཉེར་སྐྱོང་མཁན་གྱི་ཐོབ་ཐང་དང་ལས་དོན་མི་སྣས་ལག་ཁྱེར་འཁྱེར་ནས་ལས་གནས་སུ་ཞུགས་ཚུལ། ཞབས་ཞུའི་རིན་པ་གསལ་བསྒྲགས་བྱེད་སྟངས་བཅས་ལ་བརྟག་དཔྱད་ནན་པོ་བྱས་ཤིང་། རིག་གནས་གནས་སྐོར་ཁྲོམ་རའི་སྒྲིག་ལམ་ལ་དཀྲུག་རྐྱེན་བཟོ་བའི་སྣང་ཚུལ་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་སྟེ། སྒྲིག་འགལ་གྱིས་ཚོང་ལས་སྤེལ་བའི་རིགས་གཏན་ནས་མེད་པ་བཟོས།

ཐེངས་འདིའི་ཞིབ་བཤེར་ནི་ལས་རིགས་ཀྱི་ཚད་གཞི་དང་བདེ་འཇགས་ཐོན་སྐྱེད་སྒྲིག་སྲོལ་ལ་དམ་པོར་དམིགས་ནས། ཡུལ་དངོས་སུ་ལྟ་བ་དང་ཡུལ་དངོས་འདྲི་གཏོགས་ཀྱི་ཐབས་ལམ་བརྒྱུད་དེ། ས་ཁོངས་ཀྱི་གནས་སྐོར་རིག་གནས་གཉེར་སྐྱོང་བྱེད་ས་གཙོ་བོ་ཁག་རེ་རེ་བཞིན་ཞིབ་ཚགས་ངང་བརྟག་དཔྱད་བྱས། ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་བརྒྱུད། ཐེངས་འདིའི་ཞིབ་བཤེར་ནང་དུ་ཉེན་ཁ་ཆེན་པོ་ཡོད་པ་དང་ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་པའི་བྱ་སྤྱོད། དེ་བཞིན་གནད་དོན་ཁུངས་སྣེ་གང་ཡང་མ་རྙེད་པས། ས་ཁོངས་ཡོངས་ཀྱི་འབྲེལ་ཡོད་རིག་གནས་གནས་སྐོར་ཁེ་ལས་ཚང་མས་བདེ་འཇགས་ཐོན་སྐྱེད་ཐད་འགན་འཁྲི་ནན་པོ་ཁུར་ཞིང་། ཚོང་ལས་བྱེད་སྒོ་ཚང་མ་ཁྲིམས་དང་མཐུན་ལ། སྤྱིའི་ཆ་ནས་གནས་སྐོར་ཁྲོམ་ར་བརྟན་པོ་དང་སྒྲིག་ལམ་ལྡན་པ་ཞིག་ཏུ་གྱུར་ཡོད།

རྐང་ཚ་རྫོང་རིག་གནས་གནས་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུ་ཡིས་མུ་མཐུད་དུ་རིག་གནས་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། སྡེ་ཁག་མང་པོ་དང་མཉམ་འབྲེལ་ལྟ་སྐུལ་དོ་དམ་ལམ་སྲོལ་གཏིང་ཇེ་ཟབ་ཏུ་གཏོང་བ། རྒྱུན་རྣམ་ཅན་གྱིས་བྱུར་རྐྱེན་ཞིབ་བཤེར་དང་ཁྲོམ་རའི་འཆོལ་ཉོག་བཅོས་སྒྲིག གཉེར་སྐྱོང་བྱེད་མཁན་ལ་རང་གིས་བརྟག་དཔྱད་བྱེད་པ་དང་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ། དུས་ཆེན་སྐབས་སུ་ལས་རེས་ཐུན་སྲུང་དང་གནས་སྐོར་པའི་རེ་འདུན་ཐག་གཅོད་ལས་དོན་དམ་འཛིན་ནན་མོ་བྱས་ཏེ། “དུས་ཆེན་གཉིས”རིང་ཁོངས་གཏོགས་ཁུལ་གྱི་རིག་གནས་ཁྲོམ་ར་བདེ་འཇགས་དང་བརྟན་ལྷིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས།