རྐང་ཚས“དམིགས་པ་བཞི”ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་དེ་དམངས་ཚིས་ཀྱི་བྱ་བ་གཙོ་བོ་དང་ཆབ་སྲིད་ལས་འགན་དུ་བརྩིས་ནས། ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་ཐོན་ལས་ཡོང་འབབ་འཕར་སྣོན། དམངས་ཚིས་འགན་སྲུང་བཅས་ལ་དམིགས་ཏེ། རྫོང་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བཏང་།
གནད་འཁེལ་ལྟ་ཞིབ་ཚད་ལེན་ལ་དམིགས་ནས་དབུལ་ལོག་གི་མཐའ་མཚམས་བརྟན་སྲུང་བྱས།རྒྱུན་རྣམ་ཅན་གྱི་དབུལ་སྐྱོར་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་དུ་བཅུག་སྟེ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་དབུལ་ལོག་འགོག་པའི་ལྟ་ཞིབ་ཚད་ལེན་དང་གནད་སྨིན་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “མཐེབ་གཅིག་གིས་སྙན་ཞུ་འབུལ”སོགས་དྲ་ལམ་ལྟ་ཞིབ་ཐབས་ལམ་བེད་སྤྱོད་ཡག་པོ་བྱས་ཏེ། རོང་འབྲོག་དུད་ཁྱིམ་གྱིས་སྙན་སེང་ཞུ་བ་དང་ལས་བྱེད་པ་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་བྱེད་པ། སྡེ་ཁག་སོ་སོས་གཞི་གྲངས་བཤེར་འཚོལ་གྱིས་ཉེན་བརྡ་གཏོང་བ་བཅས་ཕྱོགས་མང་མཉམ་ལས་ཀྱི་ལྟ་ཞིབ་མ་ལག་འཛུགས་པ། དུས་ཐོག་ཏུ་དབུལ་ཐར་བྱུང་རྗེས་སླར་ཡང་དབུལ་ཕོངས་སུ་འགྱུར་སྲིད་པའི་ཉེན་ཁ་ཡོད་པའི་རོང་འབྲོག་དུད་ཁྱིམ་རྣམས་ལྟ་ཞིབ་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་ནས། ཉེན་ཁ་ཆེ་བ་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཐེ་གཏོགས་བྱེད་པ། སྔ་མོ་ནས་རོགས་སྐྱོར་ཐོབ་པ་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་གཞི་ཁྱོན་རང་བཞིན་ལྡན་པའི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་འགན་ལེན་མཁྲེགས་པོ་དེ་ཡིན། ད་ལྟའི་བར་དུ། རྫོང་ཡོངས་སུ་བསྡོམས་རྩིས་ལྟར་ན་ལྟ་ཞིབ་བྱ་ཡུལ་མི་གྲངས226(དེའི་ཁྲོད2026ལོར་དུད་ཁྱིམ44དང་མི161གསར་སྣོན་བྱས)ཡོད། དུད་ཁྱིམ133དང་མི443(དེའི་ཁྲོད་སྤྱི་ལོ2026ལོར་དུད་ཁྱིམ16དང་མི47)བསལ་བ་དེས58.9%ཟིན་ཡོད། ལྟ་ཞིབ་བྱ་ཡུལ་གསར་བ་དག་ལ་དམིགས་བསལ་སྒོས་མ་མཐའི་འཚོ་བ་འགན་ལེན་དང་སྨན་བཅོས་རོགས་སྐྱོར། འདེབས་གསོ་ལས་རིགས་ཐད་རྒྱབ་སྐྱོར། ལག་རྩལ་སྦྱོང་བརྡར་སོགས་རོགས་སྐྱོར་བྱེད་ཐབས་ཞིབ་ཕྲ་ལག་བསྟར་དོན་འཁྱོལ་བྱས་ཏེ་དཀའ་ངལ་འཕྲད་བཞིན་པའི་མང་ཚོགས་རྣམས་ཕྱིར་དབུལ་ཕོངས་སུ་འགྱུར་བ་འགོག་ཐབས་ནུས་ལྡན་བྱས།
ཐོན་ཁུངས་བེད་སྤྱོད་ལ་དམིགས་ནས་ཐོན་ལས་ཀྱིས་ཞིང་འབྲེལ་ཞིང་ཁྲིད་ནུས་ཤུགས་ཆེ་རུ་བཏང་། ཕན་འབྲས་དམའ་བའི་རོགས་སྐྱོར་རྒྱུ་ནོར་རྣམས་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོར་འདེགས་དང་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། 2013ལོ་ནས2024བར་གྱི་དབུལ་སྐྱོར་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་ལས་གཞི་སོ་སོའི་རྒྱུ་ནོར་ཡོངས་ལ་ཞིབ་བཤེར་གསལ་པོ་བྱས་པར་མ་ཟད། རྩིས་ཁྲ་བཟོས་ཏེ་དུས་ཐོག་ཏུ་དོ་དམ་བྱས། དབྱེ་འབྱེད་བྱུང་བའི་ལས་གཞི་རྒྱུ་ནོར304ལ“ཁག་གཅིག་བྱས་པ་བཞིའི”བླང་བྱ་ལྟར་རིགས་དབྱེ་ཐག་གཅོད་བྱས། དེའི་ནང་ལས་གཞི289སྲ་བརྟན་དུ་བཏང་ནས་མུ་མཐུད་ཕན་ནུས་འདོན་པ་དང་། ལས་གཞི13གསོན་སྒྱུར་བྱས་ཏེ་ལས་རིགས་གསར་བ་ནང་འདྲེན་པ་དང་འཁོར་སྐྱོད་བྱེད་སྟངས་བསྒྱུར་བ་སོགས་བརྒྱུད་དེ་བེད་མེད་རྒྱུ་ནོར་སླར་གསོ་བྱས། ལས་གཞི2ལེགས་སྒྲིག་བྱས་ཏེ་རིགས་དགར་ནས་ནུས་པ་རྒྱ་བསྐྱེད་བྱས། དེ་དང་དུས་མཚུངས་སུ། ཧུར་ཐག་གིས“ཚད་མཐུན་བོགས་གཏོང+ཞིབ་ཚགས་དོ་དམ” “ཐོན་ཁུངས་རྐང་དངུལ་དུ་བསྒྱུར་ནས་ཁེ་སྤོགས་བགོ་བཤའ་རྒྱག་པ”སོགས་ཀྱི་ལམ་བུ་སྣ་ཚོགས་འཚོལ་ཞིབ་བྱས་ཏེ། བེད་མེད་རྒྱུ་ནོར་ས་གནས་རང་གི་ཁྱད་ཆོས་དང་བསྟུན་ནས་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་། དུས་རིམ་འདིའི་རིང་བསྡོམས་པས་ཁེ་ཕན་སྒོར་ཁྲི103.05ཕྱིར་བསྡུ་ཐུབ་པ་བྱུང་བ་དང་། ལྷག་པར་དུ་ད་ལོ་རྫོང་ཡོངས་སུ་ནོར་ལུག་གསོ་སྤེལ་རྟེན་གཞི་དང་རྟ་རྒྱུད་བཟང་པོ་གསོ་སྐྱོང་རྟེན་གཞི། ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས། མཉམ་ལས་ཁང་གི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་སོགས་རོགས་སྐྱོར་ལས་གཞི་ཁག10ལག་བསྟར་བྱས་ཡོད་ཅིང་། སྔོན་དཔག་བྱས་ན་མི་གྲངས6000ལྷག་ལ་ཐད་ཀར་ཕན་པ་ཐོགས་སྲིད།
ལས་གནས་བརྟན་པོ་དང་ལས་ཞུགས་ལ་དམིགས་ནས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་། རོགས་སྐྱོར་ཐོན་ལས་ཀྱིས་བསྡུ་ལེན་བྱེད་པ་དང་། ཞིང་ཆེན་ཕྱི་ནང་བར་མཉམ་ལས་བྱེད་པ། རོགས་སྐྱོབ་བཟོ་གྲྭས་བཀོད་སྒྲིག་བྱེད་པ། འཇོན་མིས་ལས་རིགས་གསར་གཏོད་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་ལས་ཀ་འཚོལ་བའི་ལས་དོན་མུ་མཐུད་དམ་འཛིན་ནན་པོ་བྱས་ཏེ། དབུལ་ཐར་ངལ་རྩོལ་ནུས་ཤུགས་བརྟན་ཞིང་ཡུན་རིང་དུ་ལས་ཞུགས་ཐུབ་པར་འགན་ལེན་བྱས། ད་ལྟའི་བར་དུ། རྫོང་ཡོངས་ཀྱི་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི་ཐེངས1564གནས་སྤོ་བྱས་པ་དང་། གནས་སྤོས་ཡུལ་མིའི་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི་ཐེངས258གནས་སྤོ་བྱས། མ་དངུལ་སྒོར་ཁྲི25བཏང་ནས“ཆར་ཟིལ་འཆར་གཞི”ཡི་དུས་ཐུང་ལག་རྩལ་སྦྱོང་བརྡར་ལས་གཞི་ལག་བསྟར་བྱས་ཤིང་། ཁྱོན་བསྡོམས་མི་གྲངས100(མིག་སྔར་དུས་རིམ་དང་པོ་ལེགས་གྲུབ་བྱུང་ཡོད)གསོ་སྦྱོང་བྱས། རྫོང་ཡོངས་སུ་ལས་ཞུགས་རོགས་སྐྱོར་རྟེན་གཞི12ཀྱིས་མང་ཚོགས་མི་ཐེངས254(དེའི་ཁྲོད་དབུལ་ཐར་ངལ་རྩོལ་ནུས་ཤུགས71ཚུད)ལས་ཞུགས་ཐུབ་ཡོད། ཆ་རྐྱེན་འཛོམས་པའི་ཞིང་ཆེན་བརྒལ་ནས་ལས་མི་བྱེད་མཁན་གྱི་མི12ལ་མི་རེར་འགྲིམ་འགྲུལ་ཁ་གསབ་དངུལ་སྒོར་ཁྲི1.2སྤྲད་པ་དང་། ཆ་རྐྱེན་འཛོམས་པའི“ཆར་ཟིལ་འཆར་གཞི”སློབ་ཆེན་སློབ་མ155ལ་རོགས་དངུལ་སྒོར་ཁྲི38.4སྤྲད། ཆ་རྐྱེན་འཛོམས་པའི་དབུལ་སྐྱོར་ཁྱིམ་ཚང213ལ་རིམ་རྩིས་ལྟར་ན་བུན་གཡར་སྐྱེད་གསབ་སྒོར་ཁྲི78.92བཅས་སྤྲད།
བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས་དམངས་ཚིས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་བཏང་། མུ་མཐུད་དུ“འགན་ལེན་གསུམ”དང་འཐུང་ཆུ་བདེ་འཇགས་ཀྱི་ཆུ་ཚད་སྲ་བརྟན་དུ་གཏོང་བ་དང་མཐོར་འདེགས་བཏང་ནས། དམངས་ཚིས་ཀྱི་མཐའ་སྐྱོང་འགན་སྲུང་དྲ་བ་ཚགས་དམ་པོར་བཟོས། ད་ལྟའི་བར་དུ། རྫོང་ཡོངས་ཀྱི་འོས་འགན་སློབ་གསོ་བརྟན་འཇགས་བྱེད་ཚད98.89%ཟིན་པ་རྒྱུན་འཁྱོངས་བྱས་ཡོད་པ་ལ། དབང་བོ་སྐྱོན་ཅན་གྱི་བྱིས་པ་རྣམས་ལ་སྒོ་རྩར་སློབ་ཁྲིད་བྱེད་པའི་ལས་དོན་ཡོངས་སུ་ཁྱབ་ཡོད། ཁྱིམ་ཚང་སྨན་པས་གན་རྒྱ་བཞག་པ་དང་ལག་བསྟར་བྱས་པ་གཉིས་ཀ100%ཟིན། དབུལ་ཐར་བའི་མི་འབོར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་ཚོགས་སྨན་བཅོས་ཉེན་འགོག་ནང་ཞུགས་ཚད100%ཡིན། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ཏེ། མ་མཐའི་འཚོ་བ་འགན་ལེན་དུད་ཁྱིམ6679དང་། དམིགས་བསལ་རོགས་སྐྱོར་བྱ་ཡུལ། དྭ་ཕྲུག་སོགས་འགན་སྲུང་བྱ་ཡུལ་མི་སྣར་རོགས་དངུལ་སྒོར་ཁྲི1772.82སྤྲད། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཡོམ་འགོག་སྒྱུར་བཀོད་ལས་གཞི35ལེགས་འགྲུབ་བྱུང་ཞིང་། ཆུ་མཁོ་འདོན་འཕྲལ་བསྟུན་ཉམས་གསོ་ཐེངས121བསྒྲུབས་པ་དང་། གྲོང་གསེབ་འབྲོག་ཁུལ་གྱི་ཆུ་བེད་ལེགས་བཅོས་ལས་གཞི3ལག་བསྟར་བྱས། རྫོང་ཡོངས་ཀྱི་བཏུང་ཆུ་བདེ་འཇགས་ཞབས་ཞུའི་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་བ་དང་ཆུ་མཁོ་སྤྲོད་ཐུབ་ཚད90%ཡན་ཟིན་ཡོད།