རྫོང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ10བའི་ཚེས9ཉིན། རྫོང་ཨུའི་ཧྲུའུ་ཅི་ཀྲང་ཆི་ཧྥེང་དང་། རྫོང་ཨུ་ཡི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལིའུ་ལི་གཉིས་སྔ་རྗེས་སུ་ལས་བྱེད་པའི་འཁོར་རྒྱུག་ཁང་པ་དང་། ནུས་གཙང་དྲོད་རླངས་དུས་ཐེངས་གསུམ་པ། བོད་སྨན་སྨན་བཅོས་ལག་རྩལ་ཐོག་ཁང་། མཚོ་སྔོན་པོའི་ཆུ་རྒྱས་ཏེ་ས་རྩྭ་ས་བསྣུབས་པའི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གནས་སྤོ་ལེགས་བཅོས་ལས་གཞི། དེ་བཞིན་མཁར་དཀྱིལ་སྡེ་བ(གསེར་བཟང་སྡེ་བ)བསྒྱུར་བཀོད་ལས་གཞི་སོགས་ཡུལ་དངོས་སུ་སོང་ནས། ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་ཨར་ལས་སྤུས་ཚད། བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བཅས་ལ་གཟིགས་ཞིབ་གནང་ལ། ཡུལ་དངོས་སུ་གཞུང་དོན་སྒྲུབ་སྟེ་ལས་གཞི་སྐུལ་འདེད་ཁྲོད་འཕྲད་པའི་དཀའ་ངལ་སེལ། རྫོང་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའི་འགན་འཁུར་བློ་མཐུན་རྟོག་ཞིབ་ལས་དོན་ནང་ཞུགས།




ཀྲང་ཆི་ཧྥེང་གིས་བསྟན་དོན། ལས་གཞི་གལ་ཆེན་ནི་དམངས་ཚིས་ཀྱི་ཞན་ཆ་གསབ་པ་དང་། གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཟོ་བ། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྤྱི་ཡོངས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད། ད་ཆ་ནི་འཛུགས་སྐྲུན་ལས་གཞི་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད་པས། རིམ་པ་སོ་སོའི་སྡེ་ཁག་ཚང་མས་འགན་འཁྲི་འཁུར་སེམས་དང་བྲེལ་གཏུག་བསམ་པ་སྔར་ལས་ཆེ་རུ་བཏང་ནས། གཙོ་གནད་ལས་གྲྭ་མགྱོགས་མྱུར་ངང་བསྐྲུན་རྒྱུ་དེ་གལ་འགངས་ཆེ་བ་དང་དུས་ཐོག་ཏུ་སྒྲུབ་དགོས་པ་ངོས་འཛིན་གང་ལེགས་བྱེད་དགོས། དུས་ཚོད་ལྡོག་རྩིས་རྒྱག་པ་དང་འཆར་གཞི་ལྟར་དམག་འཐབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཨར་ལས་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།




ཀྲང་ཆི་ཧྥེང་གིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སྤུས་ཚད་ཨང་དང་པོ་དང་བདེ་འཇགས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་གྲྭའི་སྤུས་ཚད་དང་ཐོན་སྐྱེད་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་གཉིས་དམ་སྲུང་བྱེད་དགོས། “མྱུར་ཚད”ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། གནམ་གཤིས་དྲོད་ཚད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ད་ལྟ་རྐང་ཚ་རྫོང་ནས་ཆུ་ཡོད་ལས་སྒྲུབ་ལས་གཞི་གནས་སྐབས་མཚམས་འཇོག་པའི་དུས་སུ་སླེབས་ཡོད། ལས་གཞི་ཚན་པ་ཁག་གིས་ལས་གཞིའི་བདེ་འཇགས་དང་ལས་གྲྭ་སྤུས་དག་ཡོང་བའི་ཆ་རྐྱེན་འོག གནས་སྐབས་མཚམས་འཇོག་མ་བྱས་གོང་གི་གོ་སྐབས་བཟང་པོ་དམ་འཛིན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ་དང་། ཨར་ལས་བྱེད་སྟངས་ཞིབ་ཚགས་པོ་དང་ཚན་རིག་དང་མཐུན་པ་ཡོང་བ་བྱས་ནས་བཟོ་སྐྲུན་དངོས་གཟུགས་འབོར་ཆེན་ཞིག་བསྐྲུན་ཐུབ་པར་བརྩོན་ལེན་ཧུར་ཐག་བྱེད་དགོས། “བདེ་འཇགས”ཀྱི་མཚམས་ཐིག་བརྟན་པོར་བསྲུང་དགོས། ལས་གཞི་ཚན་པ་ཁག་གིས་ངེས་པར་དུ་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་གཞིའི་བདེ་འཇགས་ལ་ནོར་འཁྲུལ་གཅིག་ཤོར་ཚེ་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། རྒྱུན་རྣམ་ཅན་གྱི་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་ལས་དོན་སྤེལ་ཞིང་། ཨར་ལས་བྱ་ཡུལ་གྱི་བརྒྱུད་རིམ་ཧྲིལ་བོར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དོན་རྐྱེན་སྣ་ཚོགས་མི་འབྱུང་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ལས་གཞིའི་འཕེལ་རིམ་གཞིར་བཟུང་ནས་མ་དངུལ་གཏོང་སྤྲོད་ཇེ་མགྱོགས་སུ་བཏང་སྟེ། དངུལ་སྤྲོད་པ་དང་ལས་གཞིའི་འཕེལ་རིམ་གཉིས་ཀ་མཉམ་དུ་མཐུན་སྦྱོར་ཡག་པོ་ཡོང་བ་བྱེད་དགོས། “གླ་ཕོགས”ཀྱི་མཚམས་ཐིག་དམ་པོར་བསྲུངས་དགོས། སྟོན་དགུན་ནི་ཞིང་པ་ལས་མི་ཚོས་གླ་ཕོགས་རྩོད་ལེན་བྱེད་མཁན་མང་ཤོས་ཡིན་པས། ལས་གཞི་ཚན་པ་ཁག་གིས་ངེས་པར་དུ《ཞིང་པ་ལས་མིའི་གླ་ཆ་འགན་ལེན་བཅའ་ཁྲིམས》སོགས་འབྲེལ་ཡོད་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཆེད་སྤྱོད་རྩིས་ཁྲ་བཟོ་བ་དང་མིང་ངོ་མ་འགོད་པའི་ལམ་ལུགས། གླ་ཆའི་ཁག་ཐེག་དངུལ་བཅས་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ངལ་རྩོལ་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་ཕྱོགས་ཡོངས་ནས་བྱས་ཏེ་གླ་ཕོགས་དུས་ཚོད་ལྟར་གྲངས་ཚང་སྤྲད་ཐུབ་པ་བྱེད་དགོས་པ་ལས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་འཕྲི་འཐེན་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་ཀྱིས་ཁོང་ཚོར་ལས་ཀ་བྱས་པ་བརྒྱུད་ཡོང་འབབ་རག་པ་དང་ཐོབ་འོས་པའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།