རྐང་ཚ་རྫོང་གིས་སྐྱེ་ཁམས་སྐར་བསགས་གིས་མང་ཚོགས་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒུལ་ཤུགས་གསར་བ་བསྐྲུན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་ཆེད། རྐང་ཚ་རྫོང་གིས“རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་མཁར”དང“གད་སྙིགས་མེད་པའི་དཔེ་སྟོན་རྫོང”སྲ་བརྟན་དུ་གཏོང་བའི་དམིགས་འབེན་གཙོ་བོ་དམ་འཛིན་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་པ་དང་། “སྐྱེ་ཁམས་སྐར་བསགས་ལམ་ལུགས”འཇུ་རྟེན་དུ་བཟུང་ནས། འབྲོག་པ་མང་ཚོགས་རྣམས་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་རང་འགུལ་ནུས་པ་སྐུལ་སློང་བྱས་ཏེ། དམངས་ཡོངས་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལྗང་མདོག་འཕེལ་རྒྱས་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས།
ཚད་གཞི་གཏན་འཁེལ་གྱིས་སྒྲིག་ལམ་བཟོས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་འཇལ་ཡོ་བྱད་ཡོད་པར་བྱས། སྐྱེ་ཁམས་བཅོས་སྐྱོང་ཁྲོད་མང་ཚོགས་ཞུགས་པ་ཉུང་བ་དང་འགན་འཁྲིའི“མཐའ་མའི་འགག་གནད”དོན་འཁྱོལ་མཐར་ཕྱིན་མ་བྱུང་བ་སོགས་ཀྱི་དཀའ་ངལ་སེལ་ཆེད། རྐང་ཚ་རྫོང་གིས་ལམ་ལུགས་སྔོན་ལ་སྤེལ་ཞིང་ཚད་ལྡན་ཅན་གྱི་སྐར་བསགས་དཔྱད་འཇོག་མ་ལག་བཙུགས་ཏེ། སྐར་བསགས་སྒྲིག་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ཤིང་། སྐྱེ་ཁམས་དོ་དམ་དང་ཁོར་ཡུག་གཙང་སྦྲ། ཡ་རབས་སྲོལ་བཟང་བཅས་ཀྱི་དམིགས་ཚད་ཞིབ་ཕྲ་བགོས་ནས། སྐྱེ་ཁམས་བདག་སྐྱོང་པས་ཉིན་ལྟར་སྐོར་ཞིབ་བྱེད་པ་དང་གད་སྙིགས་སྐྱེལ་འདྲེན་བྱེད་པ་ལྟ་བུའི་ལས་ཀ་ངེས་པར་དུ་སྒྲུབ་དགོས་པར་མ་ཟད། མང་ཚོགས་ཀྱིས་རང་ཉིད་ཀྱིས་ཁོར་ཡུག་ཉེན་ཁ་སྙན་སེང་ཞུ་བ་དང་སྡོང་ཕྲུག་འདེབས་འཛུགས། རྩྭ་ཐང་གཙང་སྦྲ་བྱེད་པ་སོགས་ཀྱང་ཚུད་ཡོད། དེ་དང་མཉམ་དུ“བཟང་ངན་མིང་ཐོ”ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་སྤྱད་དེ། “དགེ་མཚན་ལྡན་ཚེ་སྐར་མ་སྣོན་པ་དང་སྐྱོན་ཆ་བྱུང་ཚེ་སྐར་མ་འཐེན་པའི”འགུལ་རྣམ་དོ་དམ་ལག་བསྟར་བྱེད་པ་དང་། དུས་བཀག་ལྟར་སྐར་བསགས་གནས་ཚུལ་སྤྱི་བསྒྲགས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་ལ་གསལ་ཁ་ཆེ་བའི་ཚད་གཞི་གསལ་པོ་ཞིག་ཆགས་ཡོད་པ་དེས་སྔོན་ཆད“བཟང་ངན་དབྱེ་འབྱེད་མེད་པའི”གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཁྱིམ་ཚང་སོ་སོར་དངོས་སུ་འབྱོར་ཐུབ་ཡོད།

སྐར་བསགས་བརྗེ་ལེན་གྱིས་ཁེ་ཕན་ཐོབ་སྟེ་ལྗང་མདོག་བྱ་སྤྱོད་ལ་འབྲས་བཟང་སྨིན་པར་བྱས། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོར་དམིགས་ནས། རྫོང་ཡོངས་སུ་ཐོན་ཁུངས་སྣ་ཚོགས་ཕྱོགས་བསྡུས་བྱས་ནས“སྐྱེ་ཁམས་སྐར་བསགས་ཚོང་ཁང”7བཙུགས། ཚོང་ཁང་དེ་དག་གི་སྒྲོམ་སྟེགས་སྟེང་དུ་འཁྲུད་རྫས། སྣུམ་རིགས་སོགས་འཚོ་བའི་མཁོ་ཆས་དཀྱུས་མ་དང་གློག་ཐབ་ཆུང་ཆུང་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མའི“སྐར་གྲངས་གསལ་བསྒྲགས”བྱས་ཡོད། མང་ཚོགས་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་སྒོ་འགྲམ་གད་ཕྱག རྩྭ་སར་བདག་གཅེས་བྱེད་པ་སོགས་བརྒྱུད་བསགས་པའི་སྐར་གྲངས་བེད་སྤྱད་དེ“དངུལ་སྨར་མི་དགོས་པར”ཚོང་ཟོག་ཡིད་ཚིམ་པ་དག་བརྗེ་ལེན་བྱེད་ཐུབ། བསྡོམས་རྩིས་ལྟར་ན་ཐེངས16ལ་བརྗེ་ལེན་བྱེད་སྒོ་སྤེལ་བ་དང་། ཁྱོན་སྡོམ་སྐར་མ་ཁྲི1.1ལྷག་བེད་སྤྱོད་བྱས་ཟིན། མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་ཕན་འབྲས་འདིས་རོང་འབྲོག་ཁུལ་དུ“སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་སྐར་མ་གསོག”ཞེས་པ་ནི་དར་སྲོལ་གསར་བར་གྱུར་ཞིང་། འཚོ་བའི་དངོས་རྫས་ཐོབ་པར་མ་ཟད་ད་དུང་སྐྱེ་ཁམས་ལག་ལེན་ནང་ཞུགས་མཁན་ཚོར་སྤོབས་པ་ཆེན་པོ་སྐྱེས་སུ་བཅུག་སྟེ། འདུ་ཤེས་རྙིང་བ“ཁྱོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱོས”ཞེས་པ་ནས"ངས་ཁོར་ཡུག་སྲུང་སྐྱོབ་བྱེད"ཅེས་པའི་བར་བསམ་བློའི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།


ཐུན་མོང་འབད་འཐབ་ཀྱིས་གོམས་གཤིས་ལེགས་པོ་བཏོད་དེ་སྐྱེ་ཁམས་ཤེས་རིག་ལ་འགྲོ་ལམ་ཡང་དག་པ་བསྟན། སྐར་བསགས་ལམ་ལུགས་འདི་ལག་བསྟར་བྱས་པ་བརྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་བཅོས་སྐྱོང་། རིག་གནས་གསོ་སྐྱོང་བཅས་ལས་དོན་མང་པོ་ཕན་ཚུན་འབྲེལ་མཐུད་ཡག་པོ་བྱུང་ཡོད། ད་ལྟ་རྩྭ་ཐང་གང་སར་འགྱིག་དམ་དང་ཐུམ་སྒྲིལ་ཁུག་མ་ལྟ་བུ་ཕྱུགས་རྫི་རྣམས་ཀྱིས་རང་བཞིན་གྱིས་བཏུས་ནས་བསྡུ་རུབ་བྱེད་པ་དང་། ཁང་ཁྱིམ་མདུན་རྒྱབ་ཏུ་དངོས་པོ་གང་བྱུང་སྤུངས་པ་དང་ར་བ་བཙོག་ཟིང་ཆེ་བ་སོགས་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་ཏེ་རྩྭ་ཐང་གི་རྣམ་པ་དང་སྡོད་གནས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད། སྐྱེ་ཁམས་བདག་སྐྱོང་པ་ལྷ་མོ་ཚེ་རིང་གིས་མྱོང་ཚོར་ཟབ་མོ། “སྔོན་མ་རི་ཀླུང་བསྐོར་སྐབས་ལས་འགན་འགྲུབ་ཐབས་ཁོ་ན་བསམ་པ་ཡིན་ལ། ད་ཆ་གོམ་པ་མང་ཙམ་སྤོས་ན་སྐར་མ་མང་བ་རག་གིན་འདུག་པས་རྩྭ་ཐང་སྲུང་བ་དང་ཆབས་ཅིག་རང་ཁྱིམ་ལའང་ཕན་ཐོགས་ཆེན་པོ་འབྱུང་གི་འདུག”ཅེས་བརྗོད་པ་ལྟར། བྱ་དགའ་སྤྲོད་པ་དང་སྐུལ་མ་གཏོང་བ་ལ་བརྟེན་ནས་རྐང་ཚ་རྫོང་གིས་རིམ་བཞིན“དམངས་ཡོངས་ཟབ་ཞུགས་དང་དྲ་མིག་དོ་དམ། མཉམ་སྐྲུན་མཉམ་སྤྱོད”ཅེས་པ་ལྟེ་བར་འཛིན་པའི་སྐྱེ་ཁམས་བཅོས་སྐྱོང་གི་སྒྲིག་གཞི་གསར་བ་བསྐྲུན་པ་དང་། མི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་སོང་བས་རོང་འབྲོག་མང་ཚོགས་མང་ཆེ་བ་ཁོར་ཡུག་བཅོས་སྒྲིག་བྱེད་མཁན་ལྟད་མོ་ལྟ་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་མཁན་ངོ་མ་རུ་འགྱུར་རྒྱུར་སྣེ་ཁྲིད་བྱས།
མ་འོངས་པར་རྐང་ཚ་རྫོང་གིས་མུ་མཐུད་དུ་སྐྱེ་ཁམས་སྐར་བསགས་བཅོས་སྐྱོང་ཐབས་ལམ་འདི་ཉིད་ལེགས་སྤེལ་བྱས་ཏེ། སྐར་མ་འཐོབ་སའི་གནས་ཚུལ་སྣ་མང་ཕུན་སུམ་ཚོགས་པ་བཟོ་བ་དང་། སྐར་མ་བརྗེ་རེས་བྱ་ཡུལ་རྒྱ་བསྐྱེད་པ། གཟེངས་བསྟོད་ཆད་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། “སྐར་མ་ཆུང་ངུ”ཡིས་ཡུལ་སྡེ“བཅོས་སྐྱོང་ཆེན་མོ”ལ་ཤུགས་རྐྱེན་ཐེབས་པའི་དཔེ་མཚོན་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན་ལ། སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ་དམངས་ཡོངས་མཉམ་འབྲེལ་གྱིས་རི་ཀླུང་གཙང་མ་སྲུང་སྐྱོབ་བྱས་ནས་མཚོ་འགྲམ་རྐང་ཚའི་སྐྱེ་ཁམས་མཛེས་སྡུག་ལྡན་པའི་རི་མོ་གསར་བ་འབྲི་བཞེངས་བྱེད་ངེས་སོ།།