网站无障碍
མཚོ་འགྲམ་གྱི་དགོ་ཁྱུ་ལས་སྐྱེ་ཁམས་ཀྱི་དཔལ་ཡོན་མངོན།
发布时间:2026年10月19日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

图片
རྩྭ་གསེབ་ཏུ་བག་ཡངས་སུ་རྒྱུ་བའི་དགོ་བ།
图片
གཞུང་ལམ་འགྲམ་རྒྱུད་དུ་ཁ་ཟས་འཚོལ་བའི་དགོ་བ།

སྐྱེ་ཁམས་ཀྱི་གསང་བ།

རི་དྭགས་རིགས་གཅིག་སྲུང་བ་ནི། སྐྱེ་ཁམས་མུ་རྒྱུད་ཧྲིལ་པོ་ཞིག་སྲུང་སྐྱོང་བྱས་པའང་ཡིན། དགོ་དམར་ནི་མཚོ་སྔོན་པོའི་མཐའ་འཁོར་ཁོ་ནར་ཡོད་པའི་རི་དྭགས་ཀྱི་རིགས་ཤིག་ཡིན་པའི་ཆ་ནས། མཐོ་སྒང་གྲང་འཁྱགས་ཀྱི་སྐྱེ་ཁམས་དོ་མཉམ་སྲུང་འཛིན་བྱེད་པའི་འགག་རྩ་གལ་ཆེན་ཞིག་ཡིན་ཏེ། ད་ལྟ་དགོ་དམར་གྱི་རིགས་ཁྱུ་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དེ་ནི་སྐྱེ་ཁམས་ཇེ་ལེགས་སུ་སོང་བའི་མིག་མཐོང་ལག་ཟིན་གྱི་བདེན་དཔང་ཞིག་ཡིན་ལ། ལོ་མང་རིང་སྲུང་སྐྱོང་བྱས་པའི་ཕན་འབྲས་ཀྱང་རེད།

"རི་དྭགས་རིགས་ཤིག་མ་སྟོང་བ"ནས"རིགས་ཁྱུའི་འཕེལ་ཁ་དར་བའི"བར། སྲུང་སྐྱོང་གི་གནད་འཛིན་ས་ཤེས་མེད་ཚོར་མེད་ངང་འགྱུར་བ་དང་བསྟུན་ནས། མཐོང་ཐོས་མྱོང་འགྱུར་གྱི་སྲུང་སྐྱོང་མ་ལག་ཆ་ཚང་ཞིག་མཚོ་སྔོན་པོའི་མཐའ་འཁོར་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་ཡོད།

ཕྱི་རོལ་ཡུལ་དངོས་སུ་འགོག་སྲུང་མ་ལག་བཙུགས་པ།

དང་ཐོག300ཙམ་ཡང་མེད་པ་ནས་ད་ལྟ3700ལྷག་ལ་འཕེལ་ཡོད་པས། དགོ་དམར་གྱི་ཁ་གྲངས་ནི་སྲུང་སྐྱོང་མ་བྱས་སྔོན་ལས་ལྡབ12འཕར་ཡོད་ལ། དེ་ནི་ཡུལ་དངོས་བདག་སྐྱོང་མི་སྣས་ཉིན་མཚན་དབྱེར་མེད་དུ་བརྟན་སྲུང་བྱས་པ་དང་འབྲལ་ཐབས་ག་ལ་ཡོད།

མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར་སུམ་ཆའི་གཉིས་དཔལ་དགེ་རུ་ཡོད་པས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་རྐང་ཚ་ཡན་ལག་ཅུས་དཔལ་དགེ་སྲུང་སྐྱོང་ས་ཚིགས་ནི་རི་དྭགས་རིགས་དེར་སྲུང་སྐྱོང་བྱེད་པའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད། སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁུར་པ་གུ་རུ་བསམ་གཏན་དང་འཕྲད་སྐབས། ཁོ་སྐྱེ་ཁམས་བདག་སྐྱོང་པ་ཁྲ་མ་ཐར་དང་རྡོ་རྗེ་ལྷུན་གྲུབ་གཉིས་དང་མཉམ་དུ། རྒྱལ་ལམ315པའི་གཞོགས་གཉིས་དང་། དཔལ་དགེ་ཆུ་མདོ། ནག་རིན་བརླན་ས་བཅས་སུ་འཁོར་སྲུང་བྱེད་པར་ཆས་བཞིན་འདུག

དཔལ་དགེ་ཆུ་མདོར་འཁོར་སྲུང་བྱེད་པའི་ལམ་བར་དུ། སྐབས་དང་སྐབས་སུ་དགོ་ཁྱུ་མཐོང་ཐུབ་ཅིང་། མང་ཤོས་ལ་དགོ་ཉི་ཤུ་ལྷག་ཡོད། ཁྲ་མ་ཐར་གྱིས་བྱང་ཆ་ལྡན་པའི་ངང་འཁོར་སྲུང་སྒྲིག་ཆས་སྤྱད་ནས། རི་དྭགས་ཀྱི་ཁྱབ་ཚུལ་དང་འགུལ་སྐྱོད་རྗེས་ཤུལ་འཚོལ་ཞིབ་བྱེད་པ་དང་། རྡོ་རྗེ་ལྷུན་གྲུབ་ཀྱིས་ཞིབ་ཚགས་ངང་དགོ་དམར་གྱི་ཁ་གྲངས་ལེན་པ་དང་འཁོར་སྲུང་རྩིས་ཐོ་འགོད་པ་རེད།

ལོ་རེའི་ཟླ6པ་ནས9པའི་བར་ནི་དགོ་དམར་གྱི་དགོ་ཕྲུག་རྩེབས་པའི་གནད་འགག་གི་དུས་སྐབས་ཡིན་ལ། དོ་དམ་སྲུང་སྐྱོང་གི་གནོན་ཤུགས་ཆེས་ཆེ་བ་དང་འཁོར་སྲུང་བྱེད་ཐེངས་ཆེས་མང་བའི་དུས་ཚིགས་ཀྱང་རེད། སྐབས་དེ་དུས། ཁོ་ཚོས་གཤོང་སའི་ན་ཀོང་དང་ནགས་ཚོམ་སོགས་མི་མངོན་པའི་གནས་སུ་ནན་གྱིས་ཞིབ་བཤེར་བྱས་ནས། དུས་ཐོག་ཏུ་ཁྱུ་ཚོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། ཁེར་རྐྱང་དུ་ལུས་པའམ་རྨས་སྐྱོན་ཕོག་པའི་དགོ་ཕྲུག་ལ་སྲུང་སྐྱོང་བྱེད་པ་རེད།

བདག་སྐྱོང་པར་གྱུར་པའི་ལོ་བཞིའི་རིང་། རྡོ་རྗེ་ལྷུན་གྲུབ་ཀྱིས་མཐའ་འཁོར་གྱི་འགྱུར་ལྡོག་ལ་ཤེས་ཚོར་ཟབ་མོ་བྱུང་ཡོད་དེ། "དགོ་ཁྱུ་ཁྱོན་ཡོངས་ནས་བརྟན་པོར་འཕར་སྣོན་བྱུང་བ་དང་། 2024ལོར་དགོ་ཕྲུག128གསར་དུ་རྩེབས་ཡོད་ལ། ན་ནིང179རྩེབས་ཡོད།" ད་ལྟ། ཁོས་རྨ་ཁ་གཙང་སེལ་དང་རྨ་རས་དཀྲི་བ་སོགས་ཀྱི་རྨང་གཞིའི་མྱུར་སྐྱོབ་རྩལ་ནུས་ཁོང་དུ་ཆུད་ཡོད།

དཔལ་དགེ་སྲུང་སྐྱོང་ས་ཚིགས་སུ། སྐྱེ་ཁམས་སྲུང་སྐྱོང་ལས་གཞི་ལ་བརྟེན་ནས། གཤགས་བཅོས་ཁང་དང་སྨན་བཅོས་ཁང་སོགས་ཆེད་ལས་ཀྱི་སྒྲིག་བཀོད་ཆ་ཚང་བསྒྲིགས་ཡོད་པ་དང་། ཆེད་ལས་མྱུར་སྐྱོབ་མི་སྣ་ཡང་བཀོད་སྒྲིག་བྱས་ཡོད། གུ་རུ་བསམ་གཏན་གྱིས"སྔོན་ཆད་སྟབས་བདེའི་གཉན་སེལ་རྨ་དཀྲི་ལས་ཐབས་གཞན་མེད་མོད། ད་ལྟ་རྨས་སྐྱོན་ཆུང་ངུའི་རིགས་ལ་རང་རྐྱ་འཕེར་བའི་ངང་སྨན་བཅོས་བྱེད་ཐུབ"ཟེར།  དགོ་དམར་གྱི་རི་མགོའི་འཁོར་སྲུང་དང་འཕྲལ་བསྟུན་མྱུར་སྐྱོབ་ལས་དོན་གྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པས། རྨས་སྐྱོན་ཕོག་པ་དང་མགོ་འཁོར་བའི་དགོ་དམར་དུས་ཐོག་ཏུ་སྲུང་སྐྱོང་བྱེད་ཐུབ། རིམ་རྩིས་བྱས་ན། ད་ལོར་རྨས་སྐྱོན་ཕོག་པའི་དགོ་དམར6ལ་རྨས་བཅོས་བྱས་པ་དང་། མ་བུ་ཁ་ཐོར་བའམ་རང་ཚུགས་ངང་འཚོ་མི་ཐུབ་པའི་དགོ་ཕྲུག3མྱུར་སྐྱོབ་བྱས།

ཡུན་རིང་བོར་འཁོར་ཞིབ་བྱས་པའི་ཁྲོད་དོ་དམ་མི་སྣས་ཤེས་རྟོགས་བྱུང་བ་ལྟར་ན། ཁྱི་ལྡོམ་ནི་མིག་སྔར་དགོ་ཕྲུག་གསོན་ཐུབ་མིན་དང་དགོ་ཁྱུའི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་རྐྱེན་ངན་གཙོ་བོ་ཞིག་རེད། 2024ལོ་ནས་བཟུང་། དཔལ་དགེ་སྲུང་སྐྱོང་ས་ཚིགས་ཀྱིས་ས་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས། ཁྱི་ལྡོམ་འཚོལ་བཤེར་དང་འགོག་སྡོམ་ཚོད་འཛིན་བྱས་ནས། ཁྱི་ལྡོམ་གྱིས་དགོ་དམར་ལ་གནོད་འཚེ་གཏོང་བའི་ཉེན་ཁ་ཇེ་ཆུང་དུ་བཏང་ཡོད།

མོ་ཧྲའོ་ཡིང་ནི་དགོ་དམར་མྱུར་སྐྱོབ་བྱ་བའི་ནང་ཞུགས་མཁན་ཞིག་ཡིན། ན་ནིང་གི་ཟླ7པའི་ཚེས11ཉིན་མྱུར་སྐྱོབ་བྱས་པའི་དགོ་དམར"ལན་ལན"ནི་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་བཙུགས་རྗེས་མྱུར་སྐྱོབ་བྱས་པའི་དགོ་དམར་ཐོག་མ་དེ་རེད། ས་གནས་ཀྱི་འབྲོག་པས་དགོ་ཕྲུག་དེ་དགོ་མ་དང་ཁ་ཐོར་ཡོད་པ་མཐོང་རྗེས་འཕྲལ་མར་རང་འགུལ་ངང་ཡར་ཞུ་བྱས་ཤིང་། མི་འགྱངས་པར་དགོ་ཕྲུག་དེ་ལྟེ་གནས་སུ་ཁྱེར་ཡོང་ནས་མྱུར་སྐྱོབ་བྱས་པ་རེད།

ད་ལྟ་ཡང་མོ་ཧྲའོ་ཡིང་གིས་བརྗེད་ཐབས་མེད་པ་ནི། "ལན་ལན"སྐྱོབ་དུས་ཟླ་གཅིག་ཙམ་ལས་སོན་མེད་ལ། མོས་རྒྱུན་དུ"ཨ་མའི"ཚབ་བྱེད་དགོས་པ་དེ་རེད། "བདག་སྐྱོང་ཞིབ་ཚགས་བྱེད་དགོས་པ་ལས་གཞན། རྒྱུན་དུ་དགོ་ཡི་རིལ་མར་བལྟས་ནས་ལུས་པོའི་གནས་ཚུལ་ལ་ལྟ་ཞིབ་བྱེད་དགོས།" ཐོག་མར་ཁ་གསོ་བྱས་ཤིང་། རིམ་གྱིས་ལོ་དེའི་ཟླ12པར་སླེབས་པ་ན། རི་མགོའི་ཁོར་ཡུག་ལ་ལོབས་སུ་འཇུག་མགོ་བརྩམས། མོ་ཧྲའོ་ཡིང་གིས་བཤད་རྒྱུར། "ད་ལྟ་ང་ཚོས་ཚད་ལྡན་གྱི་ཆེད་སྤྱོད་ལོགས་བཀར་མྱུར་སྐྱོབ་ཁུལ་བཙུགས་ནས། རྨས་མ་ལོགས་བཀར་བདག་སྐྱོང་དང་། ཚན་རིག་དང་མཐུན་པའི་མྱུར་སྐྱོབ་གསོ་བཅོས་བྱེད་ཀྱིན་ཡོད"ཟེར། མྱུར་སྐྱོབ་བྱས་པའི་དགོ་དམར་མང་ཆེ་བ་ནི་མཐའ་འཁོར་གྱི་མང་ཚོགས་ཀྱིས་རྙེད་པ་ཡིན་ལ། རང་འགུལ་ངང་ཡར་ཞུ་དང་མྱུར་སྐྱོབ་རོགས་འདེགས་བཅས་བྱས་པ་ཡིན།

རིགས་ཁྱུའི་ཁ་གྲངས་འཕེལ་བ་ནས་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་འདི་འགའི་རིང་། ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཉེ་ཡུང་ཀང་ཞིབ་འཇུག་དཔུང་སྡེ་དང་མཉམ་འབྲེལ་བྱས་ཏེ། ཚན་ཞིབ་མི་སྣས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་དགོ་དམར་རིགས་ཁྱུ་ཡོད་སའི་ས་ཁོངས་ཤིག་བདམས་ཏེ་རི་ཐང་ཕྱིར་གཏོང་ཚོད་ལྟ་བྱས་པ་རེད། ཚན་ཞིབ་ཚོགས་མི་ཝང་ཡུང་ཧྲེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན"ང་ཚོས་རི་ཐང་དུ་རི་ཐང་ཚོད་ལྟའི་ར་བ་བཙུགས་ཏེ། མིས་བཟོས་གསོ་སྤེལ་དང་སྐྱོབ་གསོ་བྱས་པའི་དགོ་དམར་ལ་དུས་ཡུན་ངེས་ཅན་གྱི་རི་ཐང་སྦྱོང་བརྡར་བྱས་ཏེ། དེ་དག་གིས་རི་ཐང་དུ་ཁ་ཟས་འཚོལ་བ་དང་རྒྱུག་མཆོང་སོགས་བྱེད་པའི་འཚོ་གནས་ནུས་རྩལ་ཁོང་དུ་ཆུད་རྗེས་རིམ་གྱིས་རང་བྱུང་ཁམས་སུ་ཕྱིར་གཏོང་གི་ཡོད་དེ། མིག་སྔར་དགོ་དམར6སྔ་རྗེས་སུ་ཕྱིར་རི་ཐང་དུ་བཏང་ཟིན"ཟེར།

ཡུན་རིང་དུ་ལྟ་ཞིབ་ཚད་ལེན་བྱས་པའི་ཁྲོད། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀུའོ་ཅིང་གིས་དགོ་ཁྱུ་བདེ་ཐང་ངང་འཕེལ་རྒྱས་ཡོང་བའི་དངོས་ཡོད་དཀའ་ཁག་ཅིག་མཐོང་བ་ནི། མིག་སྔར། དགོ་དམར་མཚོ་སྔོན་པོའི་མཐའ་འཁོར་ཁོ་ནར་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་། འཚོ་སྡོད་ས་ཁུལ་ཁ་ཐོར་ཡིན་ལ། དུས་ཡུན་རིང་པོར་དགོ་ཁྱུ་ཆུང་ཆུང་ནང་ཁུལ་དུ་སྐྱེ་འཕེལ་བྱུང་བས། ཉེ་རྒྱུད་སྐྱེ་འཕེལ་དང་རྒྱུད་རྒྱུ་ཞན་འགྱུར་སོགས་ཀྱི་གནད་དོན་བྱུང་ཡོད། དེ་ལྟར་ཡུན་རིང་སོང་ཚེ་དགོ་ཁྱུ་ཇེ་ཞན་དུ་འགྲོ་ངེས་པ་དང་། དགོ་ཕྲུག་གསོན་ཚད་མར་ཆག་ནས་དགོ་ཁྱུའི་ཁ་གྲངས་འཕེལ་བར་དཀའ་ཁག་འབྱུང་སྲིད་པ་རེད།

དགོ་དམར་གྱིས་མཚོ་སྔོན་པོ་ཁོ་ནར་ཡོད་པའི་མཐོ་སྒང"ཆུ-རྩྭ-ཉ-བྱ-གཅན་གཟན"མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་ཁྲོད། གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་བཞིན་ཡོད། རྩྭ་གཟན་ཡིན་པའི་ཆ་ནས། དགོ་དམར་ནི་སྤྱང་ཀི་དང་ཝ་མོ་སོགས་ཤ་གཟན་གྱི་རྔོན་བྱ་ཡིན་ལ། གཟན་ཕྲེང་ཧྲིལ་པོའི་གནད་འགག་གི་གྲུབ་ཆ་ཞིག་ཀྱང་ཡིན་ཏེ། རྩྭ་ཐང་སྔོ་ཁེབས་ཀྱི་ནུས་ཚད་རིམ་བཞིན་བརྒྱུད་སྤྲོད་བྱས་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་དོ་མཉམ་སྲུང་འཛིན་བྱེད་ཀྱིན་ཡོད། གཞན་ཡང་དགོ་དམར་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པའི་ཆ་ནས། མ་ལག་རང་བཞིན་གྱི་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོང་བྱེད་པར་དོན་སྙིང་ཆེན་པོ་ལྡན།

རི་སྐྱེས་ཕྱིར་གཏོང་གི་རྩ་བ་ནི་ཉེ་བའི་ལོ་ཤས་རིང་དགོ་དམར་གསོ་སྤེལ་ཐད་བླངས་པའི་གྲུབ་འབྲས་ལ་རག་ལས་ཡོད་དེ། ད་ལྟའི་བར་བསྡོམས་པས་དགོ་དམར80ལྷག་གསོ་སྤེལ་བྱས་ཡོད། "མིས་ཐབས་གསོ་སྤེལ་བྱས་ན་རིགས་ཁྱུའི་ཁ་གྲངས་འཕེལ་བ་དང་རྒྱུད་རྒྱུ་ལེགས་སྒྱུར་བྱེད་ཐུབ་པར་མ་ཟད། དགོ་དམར་གྱི་སྐྱེ་དངོས་རིག་པ་དང་བྱ་བྱེད་རིག་པའི་རྨང་གཞིའི་གཞི་གྲངས་གསོག་འཇོག་བྱས་ནས། དགོ་ཁྱུའི་རྒྱུད་རྒྱུ་སྲུང་སྐྱོང་དང་དགོ་ཁྱུ་ལེགས་སྒྱུར་ལ་གཞོགས་འདེགས་བྱེད་ཐུབ།" ཀུའོ་ཅིན་གྱིས་བལྟས་ན། མྱུར་སྐྱོབ་གསོ་སྤེལ་བྱས་པའི་དོན་སྙིང་ནི། དེ་བས་ཀྱང་དགོ་ཁྱུའི་རྒྱུད་རྒྱུའི་ཐོན་ཁུངས་ཉར་ཚགས་དང་ཚན་རིག་ཞིབ་འཇུག་གི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་པ་དེ་རེད།

མིག་སྔར་དགོ་དམར་གྱིས་དགོ་ཕྲུག་རྩེབས་པའི་གནད་འགག་གི་དུས་སུ་སླེབས་ཡོད་པས། ས་ཁོངས་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་བྱ་བ་ཕྱོགས་ཡོངས་ནས་སྤེལ་གྱིན་ཡོད། ད་ལྟ་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་ཁྱུ13ལ་བརྟག་དཔྱད་བྱས་པའི་རྨང་གཞིའི་སྟེང་། དགོ་དམར་གྱི་ལྟ་ཞིབ་ཚད་གཞི་བཟོས་ཡོད། ཀུའོ་ཅིང་གིས"སྔ་དུས་ཀྱི་ལྟ་ཞིབ་ཚད་ལེན་ནི་ཁ་གྲངས་ལེན་པ་ཙམ་ཡིན་ཏེ། ད་ལྟའི་ལྟ་ཞིབ་ཚད་ལེན་ནི་མ་ལག་ལྡན་ཞིང་ཆ་ཚང་བ་ཞིག་ཡིན་པར་མ་ཟད། ད་དུང་མཐའ་འཁོར་གྱི་ཆུ་ཁུངས་ཆ་རྐྱེན་དང་། རྩྭ་རའི་ཕྱུགས་རིགས་ཐེག་ཚད། མིའི་འགུལ་སྐྱོད་ཀྱི་དཀྲོག་རྐྱེན་སོགས་ལ་ཞིབ་བཤེར་བྱེད་དགོས"ཞེས་ཟེར།

ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་སུའོ་དང་མཉམ་འབྲེལ་བྱས་པའི་ལས་གཞི་བརྒྱུད་ནས། མིག་སྔར་དགོ་དམར་གྱི་རིལ་མའི་མ་དཔེར་བརྟག་འཇལ་བྱས་ནས་དགོ་དམར་གྱི་ཟས་ཐོ་རིགས176བཀར་ཡོད་པ་དང་། གཙོ་བོ་ཟིང་ངུ་དང་། སེ་བ་ཚན། སྲན་མའི་རིགས་བཅས་ཀྱི་རྩི་ཤིང་ཡོད། བཟའ་བཅའ་དང་ཆུ་ཁུངས་འདོན་སྤྲོད་ཀྱིས་དགོ་ཁྱུ་ཁྱབ་ཚུལ་གྱི་ཁ་གྲངས་ཀྱི་འགྱུར་ལྡོག་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་། དཔལ་དགེ་དང་ཝ་མགྱོགས་ས་ཁོངས་ཀྱི་དགོ་དམར་གྱི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་པ་ནི། རྨོ་བསྐྱུར་ནགས་གསོ་རྩྭ་གསོ་བྱས་ནས་སྔོ་ཁེབས་ཇེ་མཐུག་ཏུ་སོང་སྟེ། དགོ་དམར་ལ་ཁ་ཟས་འདང་ངེས་མཁོ་འདོན་བྱེད་ཐུབ་པས་ཡིན།

ཀུའོ་ཅིན་གྱི་བསམ་པར། དགོ་ཁྱུ་སྲུང་སྐྱོང་བྱ་རྒྱུ་ནི་ཡུན་རིང་ཞིབ་འཇུག་བྱེད་དགོས་པའི་དཔྱད་གཞི་ཞིག་ཡིན་པས། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་དགོ་ཁྱུའི་གྲུབ་ཚུལ་ལེགས་སྒྱུར་གྱི་ལས་ཀ་སྤེལ་རྒྱུ་རེད། ཀུའོ་ཅིང་གིས་བཤད་རྒྱུར"དཔལ་དགེ་དང་ཝ་མགྱོགས། བྱེ་མ་ལ་བདུན་སོགས་འཚོ་སྡོད་ཁུལ་གཙོ་བོ་དག་ཏུ་དགོ་དམར་ལ་སྐྱེ་ཁམས་གནས་སྤོའི་ལམ་བུ་བཏོད་དེ། ས་ཁུལ་མི་འདྲ་བའི་དགོ་ཁྱུ་བར་རྒྱུད་རྒྱུ་སྤེལ་རེས་བྱེད་དུ་བཅུག་ནས། ཉེ་རྒྱུད་རྒྱུད་སྤེལ་གྱི་ཤུགས་རྐྱེན་ངན་པ་སེལ་ཞིང་། དགོ་དམར་གྱི་རིགས་ཁྱུའི་རྒྱུད་རྒྱུ་སྣ་མང་དུ་བཏང་ནས། ཁོར་ཡུག་ལ་འཕྲོད་པའི་ནུས་པ་ལེགས་བཅོས་དང་སྐྱེ་འཕེལ་ནུས་པ་ཇེ་ཆེ་རུ་གཏོང་བ་བཅས་བྱེད་ཀྱིན་ཡོད"ཟེར།

མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་ཡུན་བརྟན་ལམ་བུ་འཚོལ་ཞིབ་བྱེད་པ།

2020ལོ་ནས་བཟུང་། སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་ལས་གཞི་ལ་བརྟེན་ནས། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཚའེ་ཀྲེན་ཡོན་གྱིས་དཔུང་སྡེའི་སྣེ་ཁྲིད་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་ཁྱུའི་འཚོ་སྡོད་ས་ཁུལ་ལ་བརྟག་དཔྱད་ཚད་ལེན་བྱེད་པའི་བྱ་བ་བསྒྲུབས། ལོ་རེར་དགོ་དམར་གྱི་སྡེབ་སྦྱོར་དུས་དང་། སྐྱེ་འཕེལ་མིན་པའི་དུས་མགོ། སྐྱེ་འཕེལ་མིན་པའི་དུས་མཇུག ཕྲུ་གུ་རྩེབས་པའི་དུས་བཅས་དུས་མཚམས་གལ་ཆེན་བཞི་བདམས་ནས། ཚན་ཞིབ་མི་སྣ་བཅུ་ལྷག་གིས་ཚོ་ཆུང་དང་ས་ཁོངས་བགོས་ཏེ་མཚོ་སྔོན་པོའི་མཐའ་འཁོར་དུ་བརྟག་དཔྱད་གཏིང་ཟབ་བྱེད་ཀྱིན་ཡོད།

ལོ་ཁ་ཤས་ལ་བསྟུད་མར་རི་མགོ་རུ་ལྟ་ཞིབ་ཚད་ལེན་དང་། གཞི་གྲངས་གསོག་འཇོག གཤིབ་བསྡུར་དབྱེ་ཞིབ་བཅས་བྱས་པ་བརྒྱུད། ཚན་ཞིབ་ཚོགས་པས་དགོ་ཁྱུའི་སླར་གསོའི་གནས་ཚུལ་ངོ་མར་རྒྱུས་ལོན་བྱུང་བ་འདི་ལྟར། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་བཅོས་སྐྱོང་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་པ་དང་། སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས། ས་ཁོངས་ནང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱུང་བ་དང་། དགོ་ཁྱུ་སྤྱིའི་ཆ་ནས་སླར་གསོའི་རྣམ་པའི་འཕར་སྣོན་འབྱུང་བཞིན་ཡོད་པ་དེ་རེད།

འོན་ཀྱང་དགོ་ཁྱུ་སླར་གསོའི་རྣམ་པ་དེ་ཡོངས་ཁྱབ་ཏུ་དོ་མཉམ་པ་ཞིག་མིན་པར། དགོ་ཁྱུ་མི་འདྲ་བའི་བར་དུ་ཧེ་བག་ངེས་ཅན་ཡོད་པ་རེད། བརྟག་དཔྱད་མཇུག་འབྲས་ལ་བལྟས་ན། དཔལ་དགེ་དང་ཝ་མགྱོགས་སོགས་ཀྱི་ས་ཁོངས་སུ། དགོ་ཁྱུའི་གྲངས་འབོར་བསྟུད་མར་འཕེལ་ཞིང་། འདུས་ཚད་ཀྱང་ལྟོས་བཅས་ཀྱིས་ཅུང་མཐོ། མིག་སྔར་གཙོ་གནད་ས་ཁུལ་དེར་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་ཁྱུའི80%འདུས་ཡོད་ཅིང་། ཁ་གྲངས2000ལྷག་ཡོད་པས། དགོ་དམར་རིགས་རྒྱུའི་རྒྱུད་པ་ཆེས་མོད་པའི་ས་ཁོངས་ཤིག་ཡིན།

བྱེ་མ་ལ་བདུན་ས་ཁུལ་གྱི་དགོ་ཁྱུའི་འཕོ་འགྱུར་ནི་དགོ་དམར་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱས་པའི་བསྡུས་གཟུགས་མངོན་པར་གསལ་བ་ཞིག་ཡིན། ཚའེ་ཀྲེན་ཡོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་བརྒྱད་དགུ་ཙམ་གྱི་སྔོན་དུ་ས་ཁོངས་དེར་དགོ་དམར100ལ་མི་ལོངས་པ་ཙམ་ལས་མེད། 2017ལོར་བྱེ་མ་ལ་བདུན་ལྗོངས་ཁུལ་གྱི་སྒོ་གཏན་པ་དང་བསྟུན་ནས། དགོ་ཁྱུའི་ཁ་གྲངས་གཏན་འཇགས་ངང་སླར་གསོ་བྱུང་སྟེ། ཕྱིས་སུ་ཟིན་ཐོར་བཀོད་པ་ལྟར་ན300ལྷག་ཡོད་པ་དང་། ཉེ་ཆར་བརྟག་དཔྱད་ཐེངས་ཤིག་བྱས་པ་ལྟར་ན400ལྷག་ཡོད། ཚའེ་ཀྲེན་ཡོན་གྱི་བསམ་པར། ཚན་རིག་དང་མཐུན་པའི་སྒོ་ནས་མིའི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་པ་དང་དང་། ཕྱུགས་འཚོ་ཚད་འོས་འཚམ་རྒྱུན་འཁྱོངས་བྱས་ན། དགོ་དམར་གྱི་སྐྱེ་འཕེལ་ལ་ཕན་ལ། མིའི་འགུལ་སྐྱོད་ཐལ་དྲགས་པ་དང་ཕྱུགས་འཚོ་བར་ཚོད་འཛིན་མ་བྱས་ན། དགོ་ཁྱུའི་སྐྱེ་འཕེལ་དང་འཚོ་སྡོད་ཁུལ་སླར་གསོ་བྱ་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

ལོ་འདི་འགར། ཚའེ་ཀྲེན་ཡོན་གྱིས་ས་ཁོངས་དེར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་དེ། མཚོ་མཐའི་འགྲམ་རྒྱུད་དུ་ཆུ་གནས་རྒྱས་པའི་ཤུགས་རྐྱེན་དང་བསྡུར་ན། གུང་ཧོ་གཤོངས་སའི་ནང་གི་ས་ཁོངས་དེ་མཚོ་ཆུ་དང་ཐག་རིང་ཞིང་། འཚོ་སྡོད་ཁོར་ཡུག་གཅིག་ཏུ་འབྲེལ་ཡོད་པས། རང་བྱུང་ཆ་རྐྱེན་གྱི་ཉེན་ཁ་ཆུང་བ་རེད། "ཡུན་རིང་ལ་དགོ་ཁྱུ་སྲུང་སྐྱོང་བྱེད་པར་གཞི་བཙུགས་ནས། ལྟེ་བའི་འཚོ་སྡོད་ཁུལ་ལ་རྒྱུན་མཐུད་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ། འོས་འཚམ་ཁུལ་དེར་མ་ལག་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་ཐུབ་པས། མ་འོངས་པར་དགོ་ཁྱུའི་ཉེན་ཁ་སེལ་བ་དང་སླར་གསོ་སོགས་ཀྱི་ཁྲོད་ནུས་པ་གལ་ཆེན་ཐོན་སྲིད།"

"ཁ་གྲངས་ཐད་འགྱུར་ལྡོག་འབྱུང་དགོས་པར་མ་ཟད། དགོ་ཁྱུ་ལ་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་སྲུང་སྐྱོང་བྱེད་པའང་མངོན་འགྱུར་བྱེད་དགོས"ཞེས་པ་ནི་ཚའེ་ཀྲེན་ཡོན་དཔུང་སྡེས་དགོ་ཁྱུ་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ཡིན། དེར་བརྟེན། ཁོ་ཚོས་དགོ་དམར་གྱི་རྒྱུད་འདེད་སྣ་མང་རང་བཞིན་ལ་དབྱེ་ཞིབ་བྱས་ཏེ་ལག་རྩལ་གྱི་དཀའ་གནད་བཀྲོལ་ནས། དགོ་ཁྱུའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བདེ་སྲུང་བྱེད་པ། ས་ཆ་གཞན་ནས་རྒྱུད་རིགས་ནང་འདྲེན་བྱེད་པ་བཅས་ལ་རྨང་གཞི་བཏིངས་ཡོད། ཚའེ་ཀྲེན་ཡོན་གྱིས། གཙོད་དང་དགོ་སྐྱ་སོགས་རྨིག་ལྡན་སྲོག་ཆགས་དང་བསྡུར་ན། དགོ་དམར་གྱི་རྒྱུད་འདེད་སྣ་མང་རང་བཞིན་ནི་ཆུ་ཚད་འབྲིང་ཙམ་ཡིན་པ་མ་ཟད། ས་ཁོངས་ཡོངས་ཀྱི་དགོ་ཁྱུའི་བར་མངོན་གསལ་གྱི་ཁྱད་པར་མེད། ཡང་གཅིག་བཤད་ན་དགོ་ཁྱུ་བར་འཕྲོད་མཐུན་རང་བཞིན་བཟང་བས། མ་འོངས་པར་རྒྱུད་རིགས་ནང་འདྲེན་བྱེད་པ་དང་། སྐྱེ་ཁམས་འགྲོ་ལམ་གཅིག་ཏུ་སྦྲེལ་བ། རྒྱུད་སྤེལ་ཐོན་ཁུངས་ལེགས་སྒྱུར་བཅས་ལ་མཐུན་རྐྱེན་ལེགས་པོ་ལྡན་ཡོད་ཅེས་ཟེར།

བརྒྱུད་རིམ་དེའི་ཁྲོད་དུ། ཁོ་ཚོས་དགོ་དམར་གྱི་རྒྱུད་རྒྱུ་ཚོ་འཁོར་ལ་རྣམ་པ་མང་མཐོའི་བུལ་རྨང་བཞི་སྲུང་སྐར་ཕྲ་མོའི་ཆ་རྡུལ་གྱི་རྟགས་འགོད་ཐབས་ཤིག་བཟོས་པ་དེས། དགོ་དམར་གྱི་དབྱེ་བ་གསལ་པོ་དགར་ཐུབ། ཚའེ་ཀྲེན་ཡོན་གྱིས་བཤད་རྒྱུར། "ལག་རྩལ་དེ་སྤྱད་ནས་རི་ཐང་གི་མ་དཔེར་རིགས་དབྱེ་དང་། དགོ་ཁྱུའི་རྒྱུད་རྒྱུ་ཁུངས་འདེད། རྒྱུད་རྒྱུའི་གྲུབ་ཆ་གསལ་རྟོགས་བཅས་བྱེད་ཐུབ་ལ། རྗེས་མར་དགོ་བའི་རིལ་མ་གསར་པའི་མ་དཔེ་ལས་རྒྱུད་འདེད་དངོས་རྫས་ལེན་པའི་ལག་རྩལ་བསྟུད་མར་ལེགས་བཅོས་བྱས་ཏེ། རིལ་མའི་མ་དཔེ་ལ་གཞིགས་ནས། དགོ་དམར་གྱི་རྒྱུད་རྒྱུ་ཚོ་འཁོར་ལ་རིམ་ལྡན་ཚད་ལེན་བྱེད་པའི་བྱ་བ་བསྒྲུབ་རྒྱུ་ཡིན"ཞེས་ཟེར།