རྐང་ཚ་རྫོང་གི་བྱ་གླིང་འདུས་གྲོང་ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་ལས་གཞིའི་ཀླད་འགེབ་ཡོངས་སུ་གྲུབ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྫོང་ཨུ་དང་སྲིད་གཞུང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་པས་ཚན་རིག་དང་མཐུན་པའི་འཆར་འགོད་དང་མཉམ་ལས་དམ་ཟབ་བྱས་ལ། ལས་གཞི་འཛུགས་སྐྲུན་རུ་ཁག་གིས་ཉིན་མཚན་ལྟོས་མེད་ཀྱི་འབད་བརྩོན་ལྷོད་མེད་འོག རྐང་ཚ་རྫོང་གི་བྱ་གླིང་འདུས་གྲོང་ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་འཛུགས་སྐྲུན་ལས་གཞི་དེ2026ལོའི་ཟླ10བའི་ཚེས15ཉིན་བདེ་བླག་ངང་ཀླད་འགེབ་ཡོངས་སུ་གྲུབ། ཐེངས་འདིའི་ལས་གྲྭའི་གཙོ་གཟུགས་ལེགས་གྲུབ་བྱུང་བ་དེས་ལས་གཞི་དེའི་ཨར་ལས་བཟོ་བཀོད་ཀྱི་ལས་འགན་ལེགས་པར་གྲུབ་པ་མཚོན་ཞིང་། བཟོ་སྐྲུན་ལས་དོན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པར་མ་ཟད། རྗེས་མཐུད་ལས་ཀ་དང་སྤྱི་ཡོངས་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིང་།
རྐང་ཚ་རྫོང་གི་བྱ་གླིང་འདུས་གྲོང་ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་འཛུགས་སྐྲུན་ལས་གཞི་ལ་མ་དངུལ་སྒོར་ཁྲི2000བཏང་བ་ཚང་མ་ཧྲན་ཏུང་ཞིང་ཆེན་གྱིས་རོགས་བསྐྲུན་གནང་བ་ཡིན་ཞིང་། འདི་ནི་རྐང་ཚ་རྫོང་གི་ལས་གཞི་གལ་ཆེན་ཞིག་ཡིན། ལས་གཞི་འདི་ཉིད་བེད་སྤྱོད་གཏོང་མགོ་ཚུགས་རྗེས། ས་གནས་ཀྱི་འདབ་ཆགས་འཚོ་གནས་བྱེད་སའི་ཐོན་ཁུངས་ཁྱད་དུ་འཕགས་པ་བེད་སྤྱད་དེ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གཙོ་བོ་དང་ཟུང་འབྲེལ་གྱིས། སྐྱེ་ཁམས་ཤེས་བྱ་ཁྱབ་གདལ་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཚོ་བསྐོར་ལྗོངས་རྒྱུ་སྲོལ་རྒྱུན་ལྟ་སྐོར་ཙམ་མ་ཡིན་པར་རང་བྱུང་ཁོར་ཡུག་མྱོང་རོལ་གཏིང་ཟབ་བྱེད་སྟངས་སུ་བསྒྱུར་རྒྱུར་དམིགས་པ་རེད། འདིས་མཚོའི་མཐའ་འཁོར་གྱི་སྣེ་ལེན་མཐུན་རྐྱེན་ཞན་ཆ་གསབ་པ་ཙམ་དུ་མ་ཟད། ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པ་དང་རྐང་ཚ་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན།
ལས་གཞི་ལས་མགོ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ“བདེ་འཇགས་དང་པོ་དང་སྤུས་ཀ་རྩ་བར་འཛིན་པ། ཞིབ་ཚགས་དོན་གཉེར་དང་དུས་བཀག་ནང་ལག་བསྟར་དོན་འཁྱོལ་ཐུབ་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཨར་ལས་དོ་དམ་བླང་བྱ་དང་ལག་རྩལ་ཚད་གཞི། ཇུས་འགོད་ཚད་གཞི་བཅས་ནན་སྲུང་སྒོས། ཨར་ལས་འཆར་གཞི་སྒྲིག་སྦྱོར་དང་རྒྱུ་ཆ་མཁོ་སྤྲོད། སྤུས་ཚད་ཚོད་འཛིན། བདེ་འཇགས་ཐོན་སྐྱེད་དང་མྱུར་ཚད་དོ་དམ། ཕྱོགས་བསྡོམས་མཐུན་སྦྱོར་བཅས་ནུས་ལྡན་བྱས། དུས་ཚོད་ཐུང་ཞིང་ལས་འགན་ལྕི་བ། ཨར་ལས་ཆ་རྐྱེན་རྙོག་འཛིང་ཆེ་བ་སོགས་དཀའ་ངལ་མང་པོར་འཕྲད་སྐབས། རྫོང་ཨུ་དང་སྲིད་གཞུང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་པས་ལུགས་དང་མཐུན་པའི་ཨར་ལས་གོ་རིམ་བཀོད་སྒྲིག་དང་ཇུས་གཞི་ཇེ་ལེགས་སུ་བཏང་ནས། མི་ཤུགས་དང་འཕྲུལ་ཆས། དངོས་རྫས་གསུམ་བགོ་འགྲེམས་ལེགས་པོ་བྱས་པ་དང་ཡུལ་དངོས་དོ་དམ་ཞིབ་ཕྲ་ཅན་ལག་དུ་བསྟར་བར་མ་ཟད། རྒྱལ་ཁབ་མ་འཇོག་ཀུང་སིས་འབྲེལ་ཡོད་སྡེ་་ཁག་དང་མཉམ་འབྲེལ་སྒོས་ནུས་ཤུགས་ཡོད་རྒུས་འགན་འཁྲི་ནན་འཁུར་དང་། རྒྱུ་ཆ་ནང་འདྲེན་དང་ཨར་ལས་ལས་རིམ། སྤུས་ཚད་ཞིབ་བཤེར་རྩིས་ལེན་སོགས་འགག་སྒོ་དམ་པོར་བསྲུངས་ཤིང་རྒྱུན་རྣམ་ཅན་གྱིས་བྱུར་རྐྱེན་བརྟག་བཤེར་བྱས་ཏེ། ཨར་ལས་ཚོད་འཛིན་རྒྱུ་རྐྱེན་སྣ་ཚོགས་བསལ་ནས་ལས་གཞི་དེ་དུས་བཅད་བཞིན་མདུན་སྐྱོད་བྱས་མཐར་དམིགས་ཡུལ་འགྲུབ་ཐུབ་ཡོད།
རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ཏེ། མུ་མཐུད་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཨར་ལས་སྤུས་ཚད་ལྟ་སྐུལ་ནན་མོ་བྱེད་པ། བདེ་འཇགས་མཐའ་ཐིག་བརྟན་སྲུང་བྱེད་པ། ཚད་ལྡན་ཅན་དང་སྒྲིག་སྲོལ་ཅན་གྱི་རེ་བ་གཞིར་བཟུང་སྟེ་ལྷག་ལུས་ལས་གྲྭ་མུ་མཐུད་དུ་སྤེལ་བ། ཚད་གཞི་མཐོན་པོས་མཇུག་བསྡུ་བའི་བྱ་བ་མཐའ་དག་བསྒྲུབས་ཏེ། ལས་གཞི་གང་མགྱོགས་ཀྱིས་གྲུབ་ནས་འཁོར་སྐྱོད་བྱེད་པར་བརྩོན་ལེན་ཧུར་ཐག་བྱས་ནས། རྐང་ཚ་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་ཡར་རྒྱས་གོང་འཕེལ་འབྱུང་བར་སྒུལ་ཤུགས་གསར་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་སྐྲུན་པར་སྟོབས་ཤུགས་དབུལ་ངེས་སོ།།