རྐང་ཚ་རྫོང་གིས་མཚོ་སྔོན་པོའི་ཆུ་རྒྱས་ནས་བསྣུབས་པའི་ས་ཁུལ་གྱི་མང་ཚོགས་གནས་སྤོ་བཀོད་སྒྲིག་ལས་གཞི་ཇེ་མགྱོགས་སུ་གཏོང་བཞིན་ཡོད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་མཚོ་སྐོར་དམངས་ཚིས་འགན་སྲུང་གི་ལས་འགན་གཙོ་བོར་དམིགས་ནས། མཚོ་སྔོན་པོའི་ཆུ་རྒྱས་ནས་བསྣུབས་པའི་ས་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་སྐོང་བར་འབད་བརྩོན་བྱས་ཏེ། ཚད་གཞི་མཐོན་པོ་དང་མྱུར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཀྱིས་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཨར་ལས་དུས་ཚོད་དོ་དམ་ཞིབ་ཕྲ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་གཏོང་བ་བཅས་བྱས་པར་མ་ཟད། ལས་གྲྭ་འཛུགས་སྐྲུན་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། བཀོད་པ་ཚད་ལྡན་དང་མཐུན་རྐྱེན་འཛོམས་ཤིང་བདེ་འཇགས་སྐྱིད་སྣང་དོད་པ་སོགས་ཁྱད་ཆོས་ཚང་བའི་མཐོ་སྒང་གཅིག་བསྡུས་སྡོད་ཁུལ་གསར་པ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཆུས་བསྣུབས་པའི་ས་ཁུལ་གྱི་འབྲོག་པ་རྣམས་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་དོན་འཁྱོལ་ནུས་ལྡན་ཡོང་བར་འབད་འབུངས་ལྷོད་མེད་བྱས་ཏེ་མཚོ་སྐོར་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་བརྟན་ཆགས་ཡོང་བ་ཁག་ཐེག་བརྟན་པོ་བྱས།




ལས་གཞི་འདི་དུས་རིམ་གཉིས་སུ་བགོས་ནས་ལག་བསྟར་བྱས་པ་ཡིན་ལ། སྤྱིའི་མ་འཇོག་སྒོར་ཁྲི8130ཡིན། ལེགས་འགྲུབ་བྱུང་རྗེས་རྫོང་ཡོངས་ཀྱི་མཚོ་སྔོན་པོའི་ཆུ་རྒྱས་ནས་གནོད་པ་ཐེབས་པའི་དུད་ཁྱིམ232ཚང་མ་བདེ་བླག་ངང་བཀོད་སྒྲིག་ཐུབ་ངེས་རེད། དེའི་ནང་ལས་གཞི་དང་པོ་ནི་མ་རྩ་སྒོར་ཁྲི6310བཏང་བ་ཞིག་ཡིན་པ་དང་། དེ་རུ་སྡོད་ཁང་གསར་རྒྱག་འཆར་གཞི་ལྟར་ན་ཁང་པ192ཡོད་པ་དེ་དག་ཁག་སོ་སོར་དུམ་བུ་གཉིས་སུ་ཕྱེ་སྟེ་དུས་མཉམ་དུ་ལས་ཀ་སྒྲུབ་བཞིན་པ་ལྟར་དུ། དུམ་མཚམས་དང་པོ་ཡི་ཁང་མིག64རེ་རེར་རྒྱ་ཁྱོན་སྨི་གྲུ་བཞི་མ65ཅན་གྱི་སྡོད་ཁང་ཡོངས་རྫོགས་ལེགས་གྲུབ་ཟིན་པར་མ་ཟད་བགོ་བཤའ་བྱས་ཟིན་པས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཡོངས་སུ་ཇེ་ལེགས་སུ་སོང་ཡོད། དེ་བཞིན་དུམ་མཚམས་གཉིས་པའི་ཁང་པ128རེ་རེར་རྒྱ་ཁྱོན་སྨི་གྲུ་བཞི་མ85ཅན་དག་ཀྱང་བགོ་འགྲེམས་བྱས་ཚར་ཞིང་། ཁྱིམ་ཚང་རེ་ལག་ཏུ་འབྱོར་ཡོད། ལས་གཞིའི་དུས་རིམ་གཉིས་པ་ནི་མ་རྩ་སྒོར་ཁྲི1820བཏང་བ་ཞིག་ཡིན་ལ། དེའི་ཁྲོད་ཁང་བ་བཟོ་སྐྲུན་ཐད་སྒོར་ཁྲི1660དང་ཕྱི་རོལ་ཁོར་ཡུག་ལེགས་བཅོས་ཐད་སྒོར་ཁྲི160བཀོལ་རྩིས་ཡོད་ཅིང་། རྒྱ་ཁྱོན་སྨི་གྲུ་བཞི་མ110ཅན་གྱི་སྡོད་ཁང་གསར་བ40གསར་འཛུགས་བྱ་རྒྱུའི་འཆར་གཞི་བཟོས་ཡོད། ད་ལྟའི་ཆར་ཐོག་བརྩེགས་གཙོ་གཟུགས་ཐམས་ཅད་གྲུབ་ཟིན་པ་དང་ཆབས་ཅིག་ཞོར་གཏོགས་སྒྲིག་ཆས་སྣ་ཚོགས་ཀྱང་མཉམ་སྒྲུབ་བྱེད་མུས་ལགས་ཤིང་། ཟླ10བའི་མཇུག་ཏུ་དུས་བཅད་ལྟར་བེད་སྤྱོད་གཏོང་མགོ་ཚུགས་ཐུབ། མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭ་མཐའ་དག་དུས་ཚོད་རེའུ་མིག་གཞིར་བཟུང་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། འཕེལ་རིམ་ཡོད་ཚད་སྔོན་གཏན་འཁེལ་བའི་འཆར་གཞི་ཇི་བཞིན་འགྲོ་བཞིན་འདུག་པས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། རྫོང་ཡོངས་ཀྱིས་མཚོ་སྐོར་གནས་སྤོ་བཀོད་སྒྲིག་ལས་དོན་འདི་ཉིད་མི་དམངས་ཀྱིས་ཁས་ལེན་ཐོབ་པ་དང་ཡིད་ཚིམ་པའི་བདེ་འཁོད་ལས་གཞི་ལེགས་པོ་ཞིག་ཏུ་བསྒྱུར་ཆེད་ནུས་ཤུགས་གང་ཡོད་འདོན་བཞིན་མཆིས།