རྐང་ཚ་རྫོང་གིས་ཕྱོགས་གསུམ་གཞི་གཅིག་གི་འདུམ་སྒྲིག་རྣམ་པ་སྤྱད་ནས་འབྲོག་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཏང་གི་མགོ་ཁྲིད་ཀྱིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འབྲོག་ཁུལ་གྱི་འགལ་ཟླའི་ཁྱད་ཆོས་དང་མང་ཚོགས་ཀྱི་གོམས་སྲོལ། གཞི་རིམ་ལས་དོན་དངོས་བཅས་གཞིར་བཟུང་ནས། “ཏང་ཀྲི་པུའུ་ཡིས་གཅིག་གྱུར་འཆར་འགོད་བྱེད་པ+ན་གཞོན་ལས་བྱེད་གདོང་མཆོང་བྱེད་པ+ཁྱད་ལྡན་འདུམ་སྒྲིག་ཁང་གིས་ནུས་པ་འདོན་སྤེལ་བྱེད་པ”བཅས་ཕྱོགས་གསུམ་གཞི་གཅིག་གི་འདུམ་སྒྲིག་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱས། ཁྲིམས་ལུགས་ཀྱི་མཁྲེགས་གཤིས་དང་དམངས་སྲོལ་གྱི་འཇམ་གཤིས། ས་གནས་ཀྱི་བརྩེ་སེམས་བཅས་གཏིང་ཟབ་ངང་མཉམ་འདྲེས་བྱས་ཏེ། དམངས་ཁྲོད་གཏམ་དཔེ་སྤྱད་དེ་འགལ་བ་སེལ་ཐབས་དང་ཁྲིམས་སྲོལ་གསལ་འགྲེལ། འཁོན་འཛིན་སེལ་བ་སོགས་བྱེད་ཐབས་ལེགས་པོ་སྤྱད། མིག་སྔའི་བར་དུ། ཐབས་ལམ་འདི་བརྒྱུད་ནས་རིགས་མི་འདྲ་བའི་རྩོད་གཞི་ཁག160བདེ་བླག་ངང་ཐག་གཅོད་ཐུབ་ཡོད་པ་དེས་རྫོང་ཡོངས་ཀྱི་རྩོད་གཞི་སྤྱིའི་གྲངས་འབོར་གྱི84%ཟིན་ཡོད་ཅིང་། གཞི་རིམ་གྱི་འགལ་ཟླ་འབྱུང་ཁུངས་དོ་དམ་དང་མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ནུས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།
ཀྲི་པུའུ་ཡིས་གཅིག་གྱུར་འཆར་འགོད་བྱས་ཏེ། བཅོས་སྐྱོང་གི“སྲོག་ཤིང”ཇེ་བརྟན་དུ་གྱུར།གཞི་རིམ་རྩ་འཛུགས་ནི་འགལ་ཟླ་འདུམ་འགྲིག་ཁྲོད་དཀྱིལ་སྙིང་ཡིན་ལ། “དཀྱིལ་སྙིང་གཅིག་དང་རུ་ཁག་ལྔས་དར་རྒྱས་གཏོང་བའི”ལམ་སྲོལ་བེད་སྤྱད་དེ། སྡེ་བའི་ཏང་ཀྲི་པུའུ་ཡིས་འདུམ་སྒྲིག་སྟོབས་ཤུགས་སྣ་ཚོགས་གཅིག་གྱུར་གྱིས་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ཤིང་། རྩོད་གཞི་དང་ལེན་གཅིག་གྱུར་དང་དབྱེ་བ་ཕྱེ་ནས་བགོ་བཤའ་རྒྱག་པ། བརྒྱུད་རིམ་ཧྲིལ་བོར་རྗེས་སྙེག་ལག་བསྟར་བྱེད་པའི་ལམ་ལུགས་བཙུགས་པ་རེད། རྩྭ་ཐང་བདག་དབང་དང་ཁྱིམ་མཚེས་དབར་གྱི་འཁྲུག་རྩོད། གཉེན་ཚན་འགྲོ་འོང་། ཚོང་ལས་གཉེར་སྐྱོང་སོགས་འབྲོག་ཁུལ་དུ་རྒྱུན་དུ་འབྱུང་བཞིན་པའི་གནད་དོན་རྣམས་ཀྲི་པུའི་གྲོས་དོན་ཐོ་གཞུང་ནང་བཅུག་སྟེ་འགུལ་རྣམ་དོ་དམ་ཡིག་ཚགས་བཟོས་ནས་ཨང་རྟགས་མེད་པར་བཟོ་བའི་ལམ་ལུགས་ལག་ལེན་བསྟར་གྱིན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》གཉིས་གཏམ་དཔེ་དང་ཟུང་དུ་སྦྲེལ་བའི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་སྤེལ་བ་དང་། སྡེ་བའི་ལས་བྱེད་པས་བཅའ་ཁྲིམས་སྲིད་ཇུས་དང་མང་ཚོགས་བྱ་བ་སྒྲུབ་སྟངས་ཁོང་དུ་ཆུད་པར་རོགས་རམ་བྱས། རྫོང་ཡོངས་སུ་སྲིད་འཛིན་སྡེ་བ31(སྡེ་ཁུལ)ཡི་ཏང་རྩ་འཛུགས་ལ་བརྟེན་ནས་འདུམ་སྒྲིག་སྟེགས་བུ་བསྐྲུན་པ་དང་། དྲ་མིག་པ་དང་མཉམ་དུ་དུས་བཀག་ལྟར་ཉེན་ཁ་བརྟག་དཔྱད་བྱས་ཏེ། ལོ་རེར་ཆ་སྙོམས་འགལ་ཟླའི་བྱུར་རྐྱེན་ཐེངས1300ལྷག་རྩད་ཞིབ་བྱས་ནས་རྩ་བ་ནས་འགལ་ཟླ་གསར་སྣོན་ཉུང་དུ་བཏང་བར་མ་ཟད། འབྲོག་ཁུལ་འཆམ་མཐུན་བརྟན་ལྷིང་ཡོང་བའི་རྨང་གཞི་བརྟན་པོ་བཏིང་།
ན་གཞོན་ལས་བྱེད་གདོང་མཆོང་བྱས་ཏེ། ཁྲིམས་སྐྱོང་གི“གདོང་ལེན་པ”ཡག་པོ་བྱས། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་ན་གཞོན་ཅན་དང་ཆེད་ལས་ཅན་དུ་སྒྱུར་རྒྱུར་མུ་མཐུད་ཤུགས་སྣོན་བྱས་ཏེ། རྒྱ་བོད་སྐད་གཉིས་ཀ་ཤེས་པ་དང་འབྲོག་ཁུལ་གྱི་གནས་ཚུལ་རྒྱུས་མངའ་ཡོད་པ། མང་ཚོགས་དང་འབྲེལ་འདྲིས་ཡག་པོ་བྱེད་མཁན་ཏང་ཡོན་ཕུལ་བྱུང་བདམས་ནས་བཅོས་སྐྱོང་ཡུལ་དངོས་སུ་མངགས། དགེ་རྒན་གྱིས་མཛུབ་ཁྲིད་དང་སྦྱོང་བརྡར་ལ་དངོས་སུ་ཞུགས་པ། གྱོད་དཔེ་ཕྱིར་དྲན་དབྱེ་ཞིབ་བྱེད་པ་སོགས་སློབ་སྦྱོང་གི་རྟེན་གཞི་བེད་སྤྱོད་ལེགས་པོ་བྱས་ཏེ། ན་གཞོན་ལས་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཡུལ་དངོས་འདུམ་སྒྲིག སྲིད་ཇུས་འགྲེལ་བཤད་སོགས་ཐད་ཀྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ཡོད། འགལ་ཟླ་ཐག་གཅོད་པའི་ཡུལ་དངོས་སུ། ན་གཞོན་ལས་བྱེད་པ་ཚོས་རང་འགུལ་ངང་སྔོན་ལ་བཅར་ནས་ཁྲིམས་ལུགས་འགན་འཁྲི་གསལ་པོ་བཟོ་བ་དང་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ། དབང་ཆ་རྙོག་འཛིང་ཆེ་བ་དང་དུས་ཚོད་རིང་པོ་འགོར་བའི་གྱོད་གཞི་དཀའ་གནད་ཅན་དག་ཁྲིམས་ལུགས་ཀྱི་ལམ་ནས་ཐག་གཅོད་བྱེད་ཀྱིན་ཡོད། མིག་སྔར་རྫོང་འདིར་འདུམ་སྒྲིག་སྒྲིག་གཞི80དང་འདུམ་སྒྲིག་མི་སྣ412ཡོད་པ་དེ་དག་གི་ཁྲོད་ན་གཞོན་ལས་བྱེད་པའི་བསྡུར་ཚད70%ཡན་བཟུང་ཡོད་པས། འབྲོག་ཁུལ་གྱི་ཁྲིམས་ལུགས་འདུམ་སྒྲིག་རྐང་འཛིན་པ་གལ་ཆེན་དུ་གྱུར་ཡོད།
ཁྱད་ལྡན་འདུམ་སྒྲིག་ཁང་གིས་ནུས་ཤུགས་བསྣན་ནས། བཅོས་སྐྱོང་གི“ཕྲ་ཕུང་ཆུང་ཆུང”ལ་གསོན་ཤུགས་རྒྱས། མཐོ་སྒང་འབྲོག་ཁུལ་གྱི་རྩོད་གཞི་སྣ་མང་ཞིང་ཁ་ཐོར་ཡིན་པ་དང་འདུམ་སྒྲིག་དཀའ་བ་བཅས་དངོས་ཡོད་གནས་ཚུལ་ལ་དམིགས་ནས། རྫོང་དང་ཡུལ་ཚོ་རིམ་པའི་སྤྱི་ཚོགས་བདེ་འཇགས་ལྟེ་གནས་ཀྱིས་སྤྱི་ཡོངས་བཀོད་འདོམས་འོག་ཏུ། “རྒད་པོ”འདུམ་སྒྲིག་ཁང་དང“སྒྲོལ་མ”འདུམ་སྒྲིག་ཁང་། “ནང་མི”འདུམ་སྒྲིག་ཁང་། “མཚོ་ངོགས་དགོ་སྲུང”འདུམ་སྒྲིག་ཁང་སོགས་མིང་གྲགས་ཆེ་བའི་འདུམ་སྒྲིག་ས་ཚིགས་ཁྱད་པར་ཅན་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། རྩོད་གཞི་དབྱེ་འབྱེད་ཐག་གཅོད་གནད་སྨིན་ཐུབ་པ་བྱུང་ཡོད། “རྒད་པོ”འདུམ་སྒྲིག་ཁང་གིས་ས་གནས་ཀྱི་རྒན་པོ་མཁས་པ་དང་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པ་བསྡུ་རུབ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་བརྒལ་བ་དང་སྡེ་ཚན་བརྒལ་བའི་དཀའ་ངལ་ཆེན་པོ་འཕྲད་སྐབས་ཐོན་ཁུངས་སྣ་ཚོགས་སྡེབ་གཅིག་ཏུ་བསྡུས་ནས། ནད་བརྟག་སྨན་བཅོས་ལྟ་བུའི་ཐབས་ཤེས་སྤྱད་དེ་དུས་ཡུན་རིང་བོར་ཐག་མ་ཆོད་པའི་རྩོད་རྙོག་རྙིང་པ་མང་པོ་བསལ་ཡོད། “སྒྲོལ་མ”འདུམ་སྒྲིག་ཁང་གིས་བུད་མེད་འདུམ་སྒྲིག་མཁན་ཚོར་གཞན་སེམས་རྟོགས་ནུས་ཆེ་བ་དང་བཟོད་བསྲན་བཟང་བའི་དགེ་མཚན་གང་ལེགས་བཏོན་ཏེ། ཁྱིམ་ཚང་གཉེན་སྒྲིག་དང་བུད་མེད། ངལ་རྩོལ་ཁེ་དབང་སྲུང་སྐྱོབ་སྐོར་གྱི་རྩོད་གཞི་ཁོ་ན་ཐག་གཅོད་བྱེད་པར་དམིགས་པ་དང་། འཇམ་རྩུབ་རན་པའི་གྲོས་མོལ་ལ་བརྟེན་ནས་ཁ་གཏད་ལངས་ཚུལ་ཞི་ལྷོད་དུ་གཏོང་བ་དང་ཁྱིམ་ཚང་འབྲེལ་བ་སླར་གསོ་བྱེད་ཀྱིན་ཡོད། “ནང་མི”འདུམ་སྒྲིག་ཁང་དང་“མཚོ་ངོགས་དགོ་སྲུང”འདུམ་སྒྲིག་ཁང་གཉིས་ཀྱིས་གྲོང་གསེབ་བཅོས་སྐྱོང་གི་ཡུལ་དངོས་སུ་གཞི་ཚུགས་ནས། ཡུལ་སྲོལ་དམངས་ཆིངས་དང་འབྲོག་པའི་ཡུལ་སྲོལ་གོམས་གཤིས་ཕན་ཚུན་སྦྲེལ་མཐུད་བྱས་ནས། ཉེ་འཁོར་གྱི་རྩོད་པ་ཆུང་ཆུང་དང་རྩྭ་སའི་མཐའ་མཚམས་རྩོད་གླེང་། འཚོ་བ་དང་ཐོན་སྐྱེད་སྐོར་གྱི་དོན་དག་ཕྲ་མོ་ཚང་མ་ཡུལ་དངོས་ནས་ཐག་གཅོད་གང་ཐུབ་བྱས་ཏེ་འགལ་བ་དང་རྩོད་གཞི་ཆུང་ས་མེད་པར་བཟོས། ཁྱད་ལྡན་འདུམ་སྒྲིག་ཁང་འདི་དག་སོ་སོས་རང་རང་གི་ལས་འགན་འཁུར་རེས་དང་ལེགས་ཆ་གསབ་རེས། མཉམ་འབྲེལ་དམ་ཟབ་བཅས་བྱས་ནས་རིམ་པ་གོང་འོག་ཚང་མར་ཁེབས་རྒྱ་ཆེ་བའི་འདུམ་སྒྲིག་ཞབས་ཞུའི་དྲ་བ་མུ་མཐུད་དུ་བསྐྲུན་བཞིན་ཡོད་ལ། འགལ་ཟླ་འབྱུང་ཁུངས་ནས་སེལ་བའི་ལམ་བུ་རྒྱ་ཆེར་བསྐྱེད་དེ་འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམ་ཚད་མངོན་སུམ་གྱིས་མཐོ་རུ་བཏང་།