网站无障碍
རྐང་ཚ་རྫོང་གིས་ནུས་ཤུགས་ཡོད་རྒུས་ནོར་ལུག་ཕྱིར་འཚོང་ལ་སྐུལ་འདེད་བཏང་།
发布时间:2026年10月28日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་མཐོ་སྒང་འབྲོག་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་བསྟུན་ནས། ནོར་ལུག་ཕྱིར་འཚོང་གི་སྤུས་ཚད་མཐོར་འདེགས་དང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བའི་དམིགས་འབེན་གཙོ་བོར་བཟུང་ནས། སྲིད་ཇུས་རོགས་སྐྱོར་དང་ལས་རིགས་ཞབས་ཞུ། ཞིང་འབྲེལ་ཞིང་ཁྲིད་བཅས་ཕྱོགས་གསུམ་ཤུགས་བརྒྱབ་སྟེ། གསོ་སྤེལ་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་བ་དང་། ཐོན་འཚོང་ལམ་བུ་ཤར་བགྲོད་ཐུབ་པ། གསོ་སྤེལ་ཁེ་ཕན་འགན་ལེན་བྱས་པར་མ་ཟད། ཕྱུགས་ལས་འཕེལ་ཡག་རྒྱུ་སྤུས་བཟང་བ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་རྒྱུར་འབད་བརྩོན་ལྷོད་མེད་བྱས།

    སྲིད་ཇུས་ཀྱིས་ཕྱུགས་ཟོག་ཕྱིར་འཚོང་གི་ཁེ་སྤོགས་ཇེ་བརྟན་དུ་བཏང་། 2026ལོའི་ཕྱུགས་ལས་ཐོན་སྐྱེད་ཁ་གསབ་བྱ་དགའི་སྲིད་ཇུས་དང་ས་ཁོངས་ཕྱི་རོལ་ཏུ་ཞིང་ལས་ཐོན་རྫས་ཐད་ཀར་ཚོང་འགྲེམས་བྱེད་པར་བྱ་དགའ་སྤྲོད་ཐབས་གཏན་འབེབས་བྱས་ཤིང་། རྫོང་ཡོངས་ཀྱི་ཕྱུགས་ལས་གཉེར་སྐྱོང་བྱེད་པོ་ཡོད་ཚད་ཁྱབ་ཡོད། ཕྱ་མ་བྱས་པའི་རྒྱུད་བཟང་ནང་འདྲེན་དང་གསོ་སྤེལ། བཤས་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་བརྒྱུད་རིམ་ཧྲིལ་པོར་གནད་ལ་སྨིན་པའི་ཇུས་གཞི་ལག་བསྟར་བྱས། སྒོ་ཕྱུགས་ཕྱིར་འཚོང་སྐབས་རིམ་པ་དབྱེ་ནས་ཁ་གསབ་སྤྲོད་པ་དང་། ཕྱུགས་ལས་གཉེར་སྐྱོང་བྱེད་པོ་ཁག་ལ་གོ་རིམ་ལྡན་པའི་ངང་་ཕྱིར་འཚོང་ཁ་གསབ་བྱེད་པ། ནོར་ལུག་ཤ་སྐྱེལ་འདྲེན་ལམ་ཐག་རིང་ཐུང་ལྟར་སྐས་རིམ་ལྟ་བུའི་ཁ་གསབ་སྤྲད་པ་དང་ཆབས་ཅིག འཁྱགས་ཉར་མཛོད་ཁང་བསྐྲུན་པ་དང་རིག་ནུས་འབྲོག་ལས་ཁུངས་སྐྱེལ་མ་ལག་ལེགས་བཅོས་བྱེད་པ་སོགས་ལ་རོགས་དངུལ་སྤྲད་དེ། འཁོར་རྒྱུག་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་ཐོན་རྫས་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་ཡོད། དུས་མཚུངས་སུ་ཉེན་སྲུང་མཐའ་སྐྱོར་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། ཕྱུགས་ལས་ཉེན་སྲུང་ཁེབས་རྒྱ་ཆེ་རུ་བཏང་སྟེ་ནོར་གནག་ཁྲི35.04དང་འབྲོག་ལུག་ཁྲི77.1ཉེན་སྲུང་ནང་ཞུགས་ཐུབ་ཡོད། བརྟག་དཔྱད་སྐྱིན་གསབ་འཇལ་བའི་ལམ་ལུགས་ཚད་ལྡན་བཟོས་པ་བརྒྱུད་གསོ་སྤེལ་ཉེན་ཁ་ཇེ་དམའ་རུ་བཏང་ཡོད། སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་སྔོན་གསབ་རྗེས་སྤྲོད་དང་དུས་ཐོག་ཏུ་སྤྲོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། མིག་སྔའི་བར་དུ། རྫོང་ཡོངས་སུ་ཁྱོན་བསྡོམས་དུད་ཁྱིམ286གིས་ཕྱིར་འཚོང་ཁ་གསབ་སྙན་ཞུ་ཕུལ་བ་དང་། ནོར་གནག་མགོ་གྲངས་ཁྲི5.89དང་འབྲོག་ལུག་མགོ་གྲངས་ཁྲི29.66ཡོད། ཞུ་འབུལ་མ་དངུལ་སྒོར་ཁྲི161.37ཟིན་ལ། སྒོར་ཁྲི77.62ལག་དུ་འབྱོར་བ་འདིས་རྒྱ་ཆེའི་གསོ་སྤེལ་བྱེད་མཁན་ཚོར་ཕན་པ་དངོས་ཐོབ་ཡོད།

    ཞབས་ཞུ་མཁོ་སྤྲོད་བྱས་ཏེ་ཕྱིར་འཚོང་བདེ་བླག་ཡོང་བར་ཁག་ཐེག་བྱས། སྟོན་ཁའི་སྲོག་ཆགས་རིམས་ནད་སྔོན་འགོག་དུས་སྐབས་གལ་ཆེན་དང་ནོར་ལུག་ཕྱིར་འཚོང་དུས་ཚོད་བཟང་པོ་དམ་འཛིན་བྱས་ཏེ། རིམས་འགོག་གིས་བདེ་འཇགས་སྲུང་བ་དང་ཕྱིར་འཚོང་གིས་ཡོང་འབབ་འཕར་བ་གཉིས་ཀར་དོ་སྣང་ཆེན་པོ་བྱས། “རྫོང་ས་ཚིགས་ཀྱིས་ཡུལ་ཚོ་འགན་ལེན་དང་ཡུལ་ཚོ་ས་ཚིགས་ཀྱིས་སྡེ་བ་འགན་ལེན། རིམས་འགོན་མཁན་གྱིས་ཁྱིམ་ཚང་འགན་ལེན”བྱེད་པའི་དྲ་རྒྱའི་འགན་འཁྲི་ལམ་སྲོལ་འཐུས་ཚང་བཙུགས་པ་དང་། དུས་མཚམས་གཙོ་བོ་ཉིན་རེར་སྐུལ་སྤེལ་དང་གཟའ་འཁོར་རེར་བཀོད་འདེམས་བྱེད་པ། ཟླ་རེར་བསྐྱར་ཞིབ་བྱེད་པའི་ལས་དོན་སྒྲིག་གཞི་བཙུགས་ནས་ལྷུ་ཚིགས་ཚང་མར་ཞབས་ཞུ་ལེགས་པོ་བསྒྲུབས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་བདེ་འཇགས་ཚད་གཞི་སྲ་བརྟན་དུ་བཏང་སྟེ། ཁ་ཚ་རྨིག་ཚར་བཙན་ཤེད་ཀྱིས་འགོག་ཁབ་རྒྱག་པ་ནན་གྱིས་བསྒྲུབས་པ་དང་། “ཕྱུགས་ཟོག་གཅིག་ལ་རྟགས་མཚན་རེ་དང་ཁྱིམ་ཚང་རེ་ལ་ཡིག་ཚགས་རེའི”ཐབས་ལམ་སྤྱད་དེ་བརྒྱུད་རིམ་ཆ་ཚང་ལ་རྩད་གཅོད་ཐུབ་པ་མངོན་འགྱུར་བྱས། རྒྱུན་རྣམ་རང་བཞིན་གྱིས་ནད་གཞི་བརྟག་བཤེར་དང་ཉོ་འཚོང་ར་བར་དུག་སེལ་གཙང་བཟོ་བྱས་ཏེ། སྲོག་ཆགས་ཀྱི་འགོས་ནད་ཚབས་ཆེན་མི་འབྱུང་བའི་ཚད་ཐིག་བསྲུངས་ཡོད། ལག་རྩལ་མཛུབ་སྟོན་ཞབས་ཞུ་ལ་ཤུགས་སྣོན་རྒྱག་པ་དང་། ཕྱུགས་ལས་ལག་རྩལ་ཞབས་ཞུ་ཚོགས་པ་སྡེ་བ་དང་རུ་ཁག་དུ་མངགས་ཏེ། ཤེད་གསོ་དོ་དམ་དང་ཚན་རིག་དང་མཐུན་པའི་གསོ་སྐྱོང་། དུས་ཚིགས་འོས་འཚམ་ནང་ཕྱིར་འཚོང་བྱེད་པ་སོགས་ཀྱི་ཐད་ལ་ཁྱིམ་ཚང་སོ་སོར་མཛུབ་ཁྲིད་གནང་ཞིང་། ལག་རྩལ་མཛུབ་ཁྲིད་ཐེངས2460ཙམ་སྤེལ་བ་དང་རོང་འབྲོག་མང་ཚོགས་མི་གྲངས50ལྷག་ལ་གསོ་སྦྱོང་བྱས། གསོ་སྤེལ་མཁན་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་བ་དང་དུས་ཚོད་བསྣོལ་ནས་ཕྱིར་འཚོང་བྱེད་པར་སྐུལ་མ་བཏང་། ཕྱིར་འཚོང་འཁོར་རྒྱུག་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ་སོ་སོར་གཏན་འཇགས་སྨན་བཅོས་ཞབས་ཞུ་ས་ཚིགས་བཙུགས་པ་དང་ཁ་པར་ལམ་ནས་དུས་ཆད་བྱེད་པ་དང་དྲ་ལམ་ནས་སྙན་སེང་ཞུ་བ་སོགས་དམངས་ཕན་བྱེད་ཐབས་གསར་བ་མང་པོ་བཏོན་པ་བརྒྱུད། ཕྱིར་འཚོང་འཁོར་སྐྱོད་དུས་ཡུན་ཇེ་ཐུང་དུ་བཏང་སྟེ་གསོན་ཕྱུགས་ཕྱི་ཕྱོགས་སུ་བཙོང་བའི་ལྗང་མདོག་འགྲོ་ལམ་བཏོད་ཡོད། ཐོན་འཚོང་འབྲེལ་མཐུད་རྒྱ་བསྐྱེད་དེ།“དགུན་ཤ”སོགས་འཛད་སྤྱོད་བྱེད་སྒོ་སྤེལ་བ་དང་། རྫོང་ཁོངས་ཞིང་ལས་མ་འཇོག་ཀུང་སི་བརྒྱུད་ཞིང་ཆེན་གཞན་པའི་ཁྲོམ་ར་དང་འབྲེལ་བ་བྱས་ནས་ཉོ་སྒྲུབ་གན་རྒྱ་བཞག་པ་དང་། ཞིང་ལས་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཐེངས23འཚོགས་ཏེ་འདོད་མོས་གྲོས་མཐུན་མ་དངུལ་སྒོར་ཁྲི5900ཟིན་པས། ཐབས་ལམ་སྣ་མང་གིས“བྲིན་དཀའ་བའི”གནད་དོན་ཐག་གཅོད་ཡག་པོ་བྱས།

    ཞིང་འབྲེལ་ཞིང་ཁྲིད་ཀྱིས་ཐུན་མོང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས། སྣེ་འདྲེན་ཁེ་ལས་དང་ཆེས་ལས་མཉམ་ལས་ཁང་། གསོ་སྤེལ་ཁྱིམ་ཆེན་བཅས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། “ཁེ་ལས+མཉམ་ལས་ཁང+རོང་འབྲོག་དུད་ཁྱིམ”མཉམ་འབྲེལ་ལམ་སྲོལ་བསྐྲུན་ནས་ཞིང་པ་ཆུང་ཆུང་རྣམས་ཐོན་ལས་རྒྱུད་རིམ་ཁྲོད་འདྲེས་པར་བྱས། རྫོང་ཁོངས་ཆིན་ཧོ་ཞིང་ལས་མ་འཇོག་སྤྱི་གཉེར་གྱིས་གཅིག་གྱུར་གྱིས་ཕྱིའི་ཁྲོམ་རར་སྣེ་མཐུད་དང་ཉོ་སྒྲུབ་གན་རྒྱ་བརྩོན་ལེན་བྱས་ཏེ། མཉམ་ལས་ཁང་དང་གསོ་སྤེལ་དུད་ཁྱིམ་རྣམས་ལ་གན་རྒྱ་བཞག་ནས་ཕྱིར་འཚོང་བྱེད་པར་རོགས་རམ་བྱས། ཆེད་ལས་མཉམ་ལས་ཁང་སྣ་ཚོགས་ཀྱིས་རྩ་འཛུགས་ལེགས་ཆ་བེད་སྤྱད་དེ། ལག་རྩལ་ཚད་གཞི་གཅིག་གྱུར་དང་ཐོན་རྫས་སྤུས་ཚད་གཅིག་གྱུར་གྱིས་ཁྲོམ་ར་དང་མཐུན་སྦྱོར་བྱས་ཏེ། ཉེ་འཁོར་གྱི་རོང་འབྲོག་པ་རྣམས་མཐུན་སྒྲིལ་གོང་འཕེལ་ཡོང་བར་སྐུལ་ཁྲིད་བྱས། དཔེར་ན། མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་མཉམ་ལས་ཁང་གིས་འབྲོག་པ་དུད་ཁྱིམ40ལྷག་ལ་གན་རྒྱ་བཞག་ནས་གསོ་སྤེལ་བྱེད་པར་སྐུལ་ལྕག་ཐེབས་པ་དང་། ལོ་འདིར་གན་རྒྱ་ལྟར་ན་ལུག4500ལྷག་བཙོངས་ནས་ཁྱིམ་མི་རེར་ཆ་སྙོམས་ཡོང་འབབ་སྒོར4000ལྷག་འཕར་སྣོན་བྱུང་ཡོད། འོམ་ཆུ་གྲོང་རྡལ་གྱི་གསོ་སྤེལ་ཁྱིམ་ཆེན་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། སྲིད་ཇུས་རོགས་སྐྱོར་དང་ལག་རྩལ་མཛུབ་སྟོན་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་སྟངས་ལག་བསྟར་བྱས་པ་དང་། ཐོན་རྫས་སྤུས་ལེགས་བཟོ་བ་དང་ཡོང་འབབ་མང་དུ་ཕྱིན་པར་བརྟེན། ཉེ་འཁོར་གྱི་འབྲོག་པ་གཞན་དག་ཀྱང་གསོ་སྤེལ་གྱི་འདུ་ཤེས་བསྒྱུར་བ་དང་ཕྱིར་འཚོང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་ཁྲིད་བྱས་ཏེ། དུད་ཁྱིམ་ཆེ་བས་ཆུང་བ་འཁྲིད་པ་དང་ཕན་ཚུན་གཞོགས་འདེགས་ཀྱིས་ཡོང་འབབ་འཕེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་མུ་མཐུད་དུ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལོ་འཁོར་གྱི་ཕྱུགས་ལས་དམིགས་ཡུལ་ལ་དམ་པོར་དམིགས་ནས། སྲིད་ཇུས་རོགས་སྐྱོར་དང་ཞབས་ཞུ་མཁོ་སྤྲོད། མཉམ་ལས་དཔལ་འབྱོར་བཅས་ཀྱི་ཡུན་ཕན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རོང་འབྲོག་པའི་ཡོང་འབབ་འཕར་སའི་ལམ་བུ་ཡངས་སུ་འབྱེད་པ་དང་། མཐོ་སྒང་གི་ཕྱུགས་ལས་སྤུས་ཚད་མཐོན་པོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་བྱ་གཞག་ལ་ཐོན་ལས་རྨང་གཞི་བརྟན་པོ་འདིང་ངེས་ཡིན།