རྐང་ཚ་རྫོང་གིས་སྟོན་བསྡུ་ལས་དོན་དམ་འཛིན་བྱས་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བའི་རྨང་གཞི་སྲ་བརྟན་དུ་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་སྟེ། རྐང་ཚ་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། སྟོན་བསྡུ་ལ་དམིགས་ནས་སོན་འདེབས་དོ་དམ་དང་། སོན་བཟང་ཁྱབ་གདལ། ཞིང་ལས་འཕྲུལ་ཆས་འགན་སྲུང་། ཞིང་ཕྱུགས་ལས་ལག་རྩལ་ཞབས་ཞུ་སོགས་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་ཞིང་ཕྱུགས་ཐོན་སྐྱེད་ཡོང་འབབ་འཕར་བའི་རྨང་གཞི་བརྟན་པོར་བཏིང་། རྒྱ་ཁྱོན་བརྟན་པོ་དང་བཀོད་པ་ལེགས་སུ་བཏང་བ། རྫོང་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་སྤྱིའི་འདེབས་གྲངས་ཁྱོན་བསྡོམས་ས་མུའུ་ཁྲི14.047ཟིན་པ་དེའི་ནང་དུ། ནས་ས་མུའུ་ཁྲི1.79དང་ལོག་གར་ས་མུའུ་ཁྲི10.73 སྔོ་ཚལ་ས་མུའུ་ཁྲི0.017 གཟན་རྩྭ་ས་མུའུ་ཁྲི1.51 བཅས་བཏབ་ཡོད་པ་དེས་འབྲུ་རིགས་དང་གཟན་རྩྭ་སོགས་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་མཐུད་ངང་བཏོད་ཡོད། རྫས་ལུད་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་གཏོང་བའི་ཁྱབ་གདལ་མུའུ་ཁྲི6.2སྐུལ་འདེད་ཏན་ཏིག་བཏང་བ་དང་། རྨོ་ཞིང་སྲུང་སྐྱོབ་ཐད་ཁ་གསབ་རོགས་དངུལ་སྤྲོད་པའི་ས་ཞིང་མུའུ་ཁྲི6.7བཀོད་སྒྲིག་བྱས་ཏེ། རྨོ་ཞིང་ཐོན་སྐྱེད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཤུགས་བརྒྱབ། སོན་བཟང་ཁྱབ་སྤེལ་དང་སྤུས་ཀ་ལེགས་སུ་བཏང་བ། ཚན་རིག་དང་མཐུན་པའི་སོན་འདེབས་བྱེད་སྟངས་ཤུགས་ཆེར་བཏང་ནས། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་ས་ཞིང་མུའུ3000བསྐྲུན། ནས་གཅིག་གྱུར་གྱི་འགོག་སྲུང་དང་། སྤུས་ལེགས་ལོག་གར་སོན་རིགས། ནས་ཀྱི་སོན་གསར་བ། རྩྭ་བསྲེས་འདེབས་འཛུགས་སོགས་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་ཏེ། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་འགོག་ནུས་ཆེ་རུ་བཏང་ནས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་ཕྱིན། ཞིང་ལས་འཕྲུལ་ཆས་མང་དུ་བཏང་ནས་ལས་སྒྲུབ་ལ་འགན་ལེན་བྱས་པ། སྟོན་བསྡུའི་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་དགོས་མཁོར་དམིགས་ཏེ། ཞིང་ལས་འཕྲུལ་ཆས་གྲོང་གསེབ་ཏུ་སྐྱོད་པའི་ཆེད་དོན་ཞབས་ཞུ་ཐེངས10སྤེལ་བ་དང་། ཞིང་ལས་ཡོ་བྱད་ཆ་ཚང155ལ་ཞིབ་བཤེར་དང་རྩིས་ལེན་ཡོངས་གྲུབ་བྱུང་ཞིང་། ཐོ་འགོད་གསར་བ་བྱས་པའི་ཞིང་ལས་འཕྲུལ་ཆས16ཁ་སྣོན་བྱས་པ་དང་། ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་ལག་ཁྱེར་བརྗེ་སྤོར་བྱེད་མཁན་མི་ཐེངས9བྱུང་ཡོད་ཅིང་། ཞིང་ལས་འཕྲུལ་ཆས་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་འགན་འཁྲི་ཡི་གེ་དང་ཁས་ལེན་ཡི་གེ180བཞག་པ་དང་། བདེ་འཇགས་དྲིལ་བསྒྲགས་དཔྱད་ཡིག1200ལྷག་ཙམ་སྤྲད། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་ཞིབ་བཤེར་སྒྲིག་ཆས་ཚང་མར་བྱུར་རྐྱེན་གྲལ་བཤེར་དང་ཞིབ་བཤེར་བསྐྱར་གསོ་བྱས་ནས་ཡོངས་འགྲུབ་བྱུང་། ལག་རྩལ་ཞིང་ཁར་སྐྱེལ་བ། ཞིང་ལས་ཚན་རྩལ་མི་སྣ20ལྷག་གཞི་རིམ་དུ་རྩ་འཛུགས་བྱས་ཏེ། ལག་རྩལ་ཡིག་ཆ300ཙམ་སྤྲད་ནས་འབྲོག་པ་མང་ཚོགས500ལྷག་ཙམ་ལ་ཞབས་ཕྱི་ཞུས། ཞིང་ཁར་སྐོར་ཞིབ་དང་ཞིང་ལས་གནས་ཚུལ་གཟའ་རེས་བཀོད་གཏོང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་ལོ་ཏོག་སྨིན་པའི་མྱུར་ཚད་ལ་འགུལ་རྣམ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། གནམ་གཤིས་སྔོན་བརྡ་དང་ཞིང་ལས་དོ་དམ་གྱི་གནད་དོན་གཙོ་བོ་རྣམས་དུས་ལྟར་ཁྱབ་སྤེལ་བྱས་ཏེ། ལས་གཉེར་མཁན་གྱིས་སྟོན་བསྡུའི་དུས་ཚོད་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པར་ཁྲིད་སྟོན་བྱས།
ཉེན་ཁ་སྔོན་འགོག་བྱས་ནས་ལོ་ལེགས་ཡོང་བར་འགན་ལེན་བྱས་པ། ས་བབ་མཐོ་སར་སྟོན་དུས་ཆར་ཆུ་མང་བ་དང་སད་དང་སེར་བ་འབྱུང་སླ་བའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དམིགས་ཏེ། གནོད་འཚེ་སྔོན་འགོག་གི་ལས་དོན་ཁག་སྔོན་ལ་བཀོད་སྒྲིག་བྱས་ཤིང་། ཞིང་ལས་ཉེན་བརྡ་དང་གནོད་འགོག་ལག་རྩལ་མཛུབ་ཁྲིད་རྒྱ་ཁྱབ་ངང་སྤེལ་བ། འབྲུ་རིགས་སྐམ་གསེད་དང་། གསོག་འཇོག འབུ་སྲིན་གནོད་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། རྫོང་རིམ་པའི་ཞིང་ལས་འཕྲུལ་ཆས་མཁོ་བསྟུན་ཞབས་ཞུའི་དཔུང་སྡེ་ལ་བརྟེན་ནས་སྟོན་བསྡུ་མཁོ་བསྟུན་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། སྔོན་བཀོད་འགན་ལེན་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་སྟོན་བསྡུའི་ལས་དོན་བརྟན་ཞིང་གོ་རིམ་ལྡན་པར་ཁག་ཐེག་བྱས་ཤིང་། འབྲུ་རྡོག་ཚང་མར་མཛོད་ཁང་དུ་བདག་གཉེར་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་བར་ནུས་ཤུགས་བཏོན།
མིག་སྔར་རྫོང་ཡོངས་ཀྱི་སྟོན་བསྡུ་རིམ་རྩིས་བྱས་ན་ས་མུའུ41320ཟིན་པ་དེའི་ནང་དུ། ནས་ས་མུའུ7130དང་། ལོག་གར་ས་མུའུ29620 ཡུག་རྩྭ་ས་མུའུ4570བཅས་ཟིན་ཡོད་ཅིང་། རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ས་མུའུ་ཁྲི11.5ལ་ཞིང་ལས་ཉེན་སྲུང་ཉོས་ཡོད་པས་སྟོན་བསྡུའི་ལས་དོན་ལ་ཕན་འབྲས་ཐོན་ཡོད།