网站无障碍
སྤྱི་ལེ1700བརྒལ་བའི་ཧྲན་ཏུང་དང་མཚོ་སྔོན་བར་གྱི་དམ་བཅའ།
发布时间:2026年10月30日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    “སྔོན་ལ་ལྟོས། འགྲིག་གི ད་དུང་གཡོན་སར་ཅུང་ཙམ།” ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མི་དམངས་སྨན་ཁང་དཔྱད་བཅོས་ཁང་གི་ནང་དུ་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲིན་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་སྨན་པ་ཧོའུ་ཞུས་ཀྱིས་ལོ་ན75ཅན་གྱི་སྒྲོལ་མར་སྐྱ་འགྲིབ་གཤག་བཅོས་བྱས་རྗེས་ཀྱི་བསྐྱར་དཔྱད་བྱེད་བཞིན་ཡོད།

    སྒྲོལ་མ་གས་སྲུབས་གློག་སྒྲོན་གྱི་མདུན་དུ་བསྡད་ནས་མ་ནེ་མཐོ་སྒྲོམ་སྟེང་བཞག་ཅིང་། མིག་རྡེབ་ཙམ་ཡང་མི་བྱེད། ཧོའུ་ཞུས་ཀྱིས་དཔྱད་ཆས་ལེགས་སྒྲིག་བྱེད་ཞོར་དུ་སྐད་འཇམ་པོས་ཁྲིད་སྟོན་བྱས་ཤིང་། ཞིབ་མོར་བལྟས་རྗེས་ནན་ཏན་གྱིས“སླར་གསོ་ཡག་པོ་བྱུང་འདུག ཁ་འཛེམ་དགོས་ཏེ་ཁ་ཚའི་རིགས་ཟ་མི་རུང”ཞེས་བཤད། སྒྲོལ་མས་སྐད་ཆ་དེ་ཐོས་རྗེས། སྒེའུ་ཁུང་གི་ཕྱི་རོལ་ཏུ་ཅིག་བལྟས་རྗེས་ཁ་ཕྱིར་འཁོར་ནས་ཧོའུ་ཞུས་ཀྱི་གདོང་ལ་བལྟ་ཞོར་ཁོའི་ལག་པར་འཇུས་ནས་དགོད་ཞོར་ཏུ་བཤད་རྒྱུར། “ལེའོ་ཁྲིན་སྨན་པར་བཀའ་དྲིན་ཆེ། མིག་ཇེ་གསལ་ཏུ་གྱུར་འདུག”

图片

    རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་ངོགས་སུ་ཆགས་ཡོད་ལ། མཚོ་འཕགས3300ཡོད་ལ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་། གྲང་ངར་ཆེ་ལ་དབྱང་དབུགས་ཉུང་བས། སྙིང་ཀླད་ཁྲག་རྩའི་ནད་དང་རུས་ཚིགས་ནད། སྐྱ་འགྲིབ་མིག་ནད་སོགས་ནད་རིགས་བྱུང་ཚད་བདེ་ཐང་ས་ཁུལ་ལས་མཐོ། སྔོན་ཆད་ས་གནས་འདིའི་སྨན་ཁང་དུ་རྒྱུན་གཏན་གྱི་གཤག་བཅོས་མང་པོ་བྱེད་མི་ཐུབ་པས་མང་ཚོགས་རླངས་འཁོར་ལ་བསྡད་ནས་སྤྱི་ལེ200ཡོད་པའི་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དུ་སྨན་བཅོས་བྱེད་པར་འགྲོ་གི་ཡོད། “ད་ལོའི་ཟླ9པར། 2026ལོའི'རྐང་ཚའི་མིག་འབྱེད'བྱེད་སྒོ་སྤེལ་ལ། མིག་ནད་ཡོད་པའི་ནད་པ43ལ་རིན་མེད་ཀྱིས་གསོ་བཅོས་བྱས། མུ་མཐུད་ངང་མཐོ་སྒང་མང་ཚོགས་ཀྱི་མིག་གི་བདེ་ཐང་གི་ཚད་གཞི་ཇེ་མཐོར་བཏང་།” རྐང་ཚ་རྫོང་མི་དམངས་སྨན་ཁང་དབང་ལྔའི་ཚན་ཁག་ཀྲུའུ་རིན་ཞའོ་ལེན་གྱིས་བཤད་རྒྱུར། 2020ལོ་ནས་བཟུང་རིམ་རྩིས་བྱས་ན་སྐྱ་འགྲིབ་ནད་པ321ལ་རིན་མེད་ཀྱིས་གཤག་བཅོས་བྱས།

   བསྐྱར་གསལ་ལས་གྲྭ་ལས་ཧྲན་ཏུང་མཚོ་རོགས་སྨན་བཅོས་ཀྱིས་ད་དུང་ནད་གཞི་ལྕི་བའི་བྱིས་པར་ཞིང་ཆེན་ལས་བརྒལ་ནས་སྨན་བཅོས་བྱེད་པའི “གེགས་མེད་ཚེ་སྲོག་བགྲོད་ལམ”བཏོད། ད་ལོའི་ལོ་མགོར། རྐང་ཚ་རྫོང་འབྲོག་ཁུལ་གྱི་ལོ5ཅན་གྱི་བྱིས་པ་ཞིག་ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ངོས་འཛིན་བྱས་ལ། གྲངས་འབོར་མཐོ་བའི་སྨན་རིན་གྱིས་ཁྱིམ་ཚང་དཀའ་ཁག་ལ་འཕྲད། ལེའོ་ཁྲིན་མཚོ་སྔོན་རོགས་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གིས་རྒྱུས་ལོན་བྱས་རྗེས་མྱུར་ཏུ་སྨན་བཅོས་རོགས་སྐྱོབ་མཉམ་འགུལ་ལམ་སྲོལ་གྱི་མགོ་བརྩམས་ལ། ལེའོ་ཁྲིན་གྲོང་ཁྱེར་ཏུང་ཨུ་རྫོང་མི་དམངས་སྨན་ཁང་དང་འབྲེལ་བ་བྱས་ཏེ། ཟླ5པར། ནད་པ་ཧྲན་ཏུང་དུ་སོང་དེ་རྨ་ཆུང་གཤག་བཅོས(རྨ་ཁ་ཆུང་བའི་གཤག་བཅོས)བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་།    ལམ་བར་ཡོངས་སུ་ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་ཀྱི་རིན་མི་དགོས་པའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། སྒོར་ཁྲི2ཙམ་གྱི་འགྲོ་གྲོན་ཚང་མ་མེད་པར་བྱས་པ་དང་།  གསོ་བཅོས་རིན་མེད་མངོན་འགྱུར་བྱུང་།   ཟླ7པའི་ཟླ་མཇུག་ཏུ། ལེའོ་ཁྲིན་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཆེད་ལས་ཚོ་ཆུང་རྐང་ཚར་ཡོང་ནས་སྤྱི་ཕན་བྱེད་སྒོ་སྤེལ། ཉིན་གཉིས་ཀྱི་རིང་ལ་མང་ཚོགས300ལྷག་ལ་གསོ་བཅོས་བྱས། མི་ཚོགས་ཁྲོད་དུ་འབྲོག་པ་རྒད་པོ་ཞིག་གིས་རང་གིས་བཟོས་པའི་ལྷམ་ཚང་ཆ་གཉིས་མཚོ་སྔོན་རོགས་སྐྱོར་སྨན་པའི་ལག་ཏུ་བཞག ཁབ་དང་སྐུད་པས་མཐོ་སྒང་གི་བཅོས་མིན་གྱི་བཀའ་དྲིན་མཚོན་ཡོད།

    མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ12རིང་ལ། ལེའོ་ཁྲིན་སྨན་བཅོས་དཔུང་སྡེས་དམངས་ཕན་དམིགས་ཡུལ་ཡིད་ལ་བརྟན་པོར་བཅིངས་ནས། ནད་ཐོག་ལག་ལེན་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ། དཀའ་གནད་སྣ་ཚོགས་སེལ་ཐབས་བྱས་པ་དང་། ཡུལ་ཕྱོགས་འདིར་ལག་རྩལ་གསར་བ་ཁག་ཅིག་ཁ་གསབ་བྱས་པས། རིགས་སོ་སོའི་མང་ཚོགས་ཀྱིས་རང་ཁྱིམ་སྒོ་འགྲམ་དུ་སྤུས་ཚད་ལེགས་པའི་སྨན་བཅོས་ཐོབ་ཐུབ་ཡོད། “མི་སྒེར་གྱི་ནུས་པར་ཚད་བཀག་ཡོད་ལ། ནམ་ཡང་གནས་ཐུབ་པའི་སྨན་བཅོས་དཔུང་སྡེ་ཅིག་གསོ་སྐྱོང་བྱེད་པ་ནི་རྩ་བ་ཡིན།” ལེའོ་ཁྲིན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གནས་ལུགས་དེ་ཟབ་མོར་རྟོགས་ཡོད། གཤག་བཅོས་སྟེགས་བུའི་སྟེང་ཆེད་མཁས་པ་རྣམས་ཀྱིས་གཤག་བཅོས་བྱེད་ཞོར་དུ་འགྲེལ་བཤད་རྒྱག་པ་དང་། ནད་དཔེ་གྲོས་བསྡུར་ཚོགས་འདུ་སྐབས་སུ། དཔེ་མཚོན་རེ་རེར་དབྱེ་ཞིབ་གཏིང་ཟབ་བྱས་ནས་སློབ་ཁྲིད་དངོས་སྦྱོང་དང་ངོ་ཐུག་བརྒྱུད་ཁྲིད་གནང་གིན་ཡོད། མིག་སྔར་རིམ་རྩིས་བྱས་ན་ས་གནས་འདིའི་སྨན་བཅོས་མི་སྣ་མི་ཐེངས1000ལྷག་གསོ་སྦྱོང་བྱས་པ་དང་། ཆེད་ལས་མཁས་པ20ལྷག་སྐྱེད་སྲིང་བྱས་པས། ད་ལྟ་ས་གནས་ཀྱི་སྨན་པ་གཅིག་པུས་སྒྲུབ་ནུས་པའི་རྨ་ཆུང་གཤག་བཅོས་རྣམ་གྲངས20ལྷག་ཟིན།

    དཔྱད་བཅོས་ཁང་དུ་འབོགས་སྐྱོར་ཁྲིད་གསུམ་བྱས་པ་བརྒྱུད། མཐོ་སྒང་དུ་འཁྱེར་མི་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཞག་པ་དང་། རྩྭ་ཐང་སྟེང་གི་སློབ་གསོ་དབུལ་སྐྱོར་གྱིས་འབྲོག་ཕྲུག་ཚོའི་འདུན་ལམ་སྙེག་སའི་དཀར་མེ་སྦར་ཡོད།

    2025ལོའི་ཟླ7པར། ལེའོ་ཁྲིན་བོད་སྐྱོར་ལས་བྱེད་དོ་དམ་ཚོགས་པས་རྟོག་ཞིབ་བྱེད་སྐབས། རྐང་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཐབ་ཚང་ནང་མཁོ་ཆས་དཀོན་པ་དང་གློག་ཤུགས་མི་འདང་བ་ཤེས་རྟོགས་བྱུང་བས། སློབ་མ་ཚོས་འཚོ་བཅུད་ཟས་རིགས་ཚ་མོ་དང་བཟང་པོ་བཟའ་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད། དོ་དམ་ཚོགས་པས་འཕྲལ་དུ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། ཉོ་སྒྲུབ་བྱེད་སྟངས་ནས་གློག་ཤུགས་བསྒྱུར་བཀོད། འཕྲོད་བསྟེན་ཡར་རྒྱས་གཏོང་བའི་བར་རིམ་བསྟར་བསྒྲུབས་མཐར་གྲུབ་འབྲས་མངོན་གསལ་བླངས་ཡོད། ད་ཆ་སློབ་མ1700ལྷག་གིས་ཉིན་ལྟར་བདེ་འཇགས་དང་བཟའ་བཏུང་ཚ་མོ་ལོངས་སུ་སྤྱོད་ཐུབ།

图片

    རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོ་ཕྱུག་ནོར་ཞོལ་མ་སྡེ་བར། བོད་སྐྱོར་དགེ་རྒན་ཏའེ་ཧྥེང་ཡེན་དང་ལས་གྲོགས་ཚོས་རླངས་འཁོར་བསྐོར་ནས་སྤྱི་ལེ200ཙམ་སོང་པ་དེ་ཡང་མིང་ལ་ཞའོ་ཆིང་ཟེར་བའི་བུ་མོ་ཞིག་ལ་ཁྱིམ་དུ་སློབ་སྦྱོང་སྐྱེལ་ཆེད་ཡིན། ཞའོ་ཆིང་རུས་པ་སྙི་བའི་ནད་ཕོག་སྟེ་སློབ་གྲྭ་འགྲིམ་མི་ཐུབ་པར་མ་ཟད། རི་ཁུག་འདི་ལས་ཕྱི་རུ་ཡོང་མྱོང་མེད། དགེ་རྒན་གྱིས་གྱོན་གོས་དང་ཡིག་ཆས་བསྐྱལ་བར་མ་ཟད། དྲ་རྒྱའི་མཐུད་སྦྲེལ་འཛུགས་སྐྲུན་མཐུན་སྦྱོར་བྱས་ནས་གློག་ཀླད་ཅིག་ཞལ་འདེབས་བརྒྱབ་ཡོད། བརྙན་ཡོལ་གསལ་བ་དང་དྲ་ལམ་སློབ་ཚན་འབྲེལ་མཐུད་བྱུང་བས་འཇིག་རྟེན་ཕྱི་རོལ་གྱི་ལྟད་མོ་དེ་གཞི་ནས་ཞའོ་ཆིང་གི་མཐོང་ལམ་དུ་མངོན།

   “སྔོན་མ་ངས་སྒེའུ་ཁུང་ནས་རྒྱང་རིང་གི་རི་བོར་བལྟ་རྒྱུ་མ་གཏོགས་གཞན་ཅི་ཡང་མི་ཤེས་མོད། འོན་ཀྱང་ད་ལྟ་དགེ་རྒན་རྣམ་པས་བསྐུར་བའི་གློག་ཀླད་འདིས་ང་ལ་ཐག་རིང་པོ་དེ་བས་རིང་བ་མཐོང་བ་བྱུང་།”ཞེས་ཞའོ་ཆིང་གི་སྐད་ཆ་དལ་བུར་བརྗོད་ཀྱང་སྟོབས་ཤུགས་ཤིག་མཚོན་གྱིན་ཡོད། མོས་བཤད་རྒྱུར། རང་ཉིད་ཀྱིས་ཡ་གེ་ལེགས་པོར་སྦྱངས་ནས་ནར་སོན་ཚེ་ནུས་ཤུགས་ཅི་ལྕོགས་སྒོས་ཁོ་མོ་དང་ལས་དབང་འདྲ་མཚུངས་ཡིན་པའི་སྐྱེ་བོ་གཞན་དག་ལ་རོགས་རམ་བྱེད་འདོད་ཡོད་ཟེར།

    སྤྱི་ཟླ8པར། ལེའོ་ཁྲིན་བོད་སྐྱོར་ལས་བྱེད་དོ་དམ་ཚོགས་པས་རྒྱབ་ཕྱོགས་ཐོན་ཁུངས་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ། རྐང་ཚ་རྫོང་སློབ་གསོ་ཅུ་དང་མཉམ་དུ་གསར་བརྗེ་རིག་གནས་ཞིབ་འཇུག་གནས་སྐོར་བྱེད་སྒོ་འཆར་འགོད་སྐུལ་འདེད་བཏང་ནས། འབྲོག་ཁུལ་གྱི་དབུལ་ཕོངས་བྱིས་པ་རྣམས་མཐོ་སྒང་ནས་ཐོན་ཏེ་རྒྱལ་ཁམས་ལ་ལྟད་མོ་ལྟ་རུ་འཁྲིད་ཐུབ་ཡོད། ལེ་ཁྲིན་དུ་སླེབས་དུས་བྱིས་པ་ཚོས་ལུའུ་ཞི་གསར་བརྗེ་རིག་གནས་དང་ཆུ་བོ་གཉིས་ཀྱི་རིག་གནས་མྱོང་ཚོར་ཐུབ་པ་དང་། འགྲུལ་བཞུད་ཁྲོད་ཏང་གི་ལོ་རྒྱུས་སྦྱོང་བ་དང་དད་སེམས་བརྟན་པོ་བཟོ་བ། ཀུན་སྤྱོད་སྦྱོང་བརྡར་གཏོང་བ་བཅས་ཉམས་ལེན་བྱས། དུས་མཚུངས་སུ་ལེ་ཁྲིན་གྲོང་ཁྱེར་ཚོང་ལས་མཐུན་ཚོགས་སོགས་སྤྱི་ཚོགས་དགེ་རྩ་ལས་ཁུངས་དང་འབྲེལ་བ་དམ་ཟབ་བྱས་ཏེ། དྭ་ཕྲུག་དང་དོན་དངོས་ཐོག་ནས་ཕ་མ་མེད་པའི་ཕྲུ་གུའི་འཚོ་བ་དང་སློབ་སྦྱོང་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི་གསར་དུ་བཙུགས་པ་དང་། རྫོང་ཡོངས་ཀྱི་དྭ་ཕྲུག་དང་དོན་དངོས་ཐོག་ནས་ཕ་མ་མེད་པའི་བུ་ཕྲུག56ལ་དམིགས་བཀར་རོགས་སྐྱོར་བྱས། དངོས་ཡོད་ཐད་ནས་འགན་ལེན་དང་སེམས་ཁམས་ཐད་ནས་ནུས་པ་སྤྲད་དེ་གཅིག་ཀྱང་མ་ལུས་པར་དོ་ཁུར་བྱས། སེམས་ཁུར་འདི་འདྲ་འཛིན་སྐྱོང་བྱེད་ས་ནི་སློབ་གྲྭའི་ར་བ་ཁོ་ནར་མ་ཡིན་པར། རྒན་རྒོན་ཚོའི་ཁྲོད་དུའང་ཁྱབ་ཡོད།

   ཟླ9པའི་ཟླ་སྟོད་དུ། རྐང་ཚ་རྫོང་གི་རྒན་པ43པེ་ཅིང་དུ་འགྲོ་བའི་ལམ་དུ་ཆས། ཁོང་ཚོ་ནི་དགུང་ལོ་བགྲེས་པ་དང་དམིགས་བསལ་དཀའ་ངལ་ཅན། དམག་མི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་ཏང་ཡོན་དཀྱུས་མ་ཤ་སྟག་ཡིན། ཁོ་ཚོ་ལེ་དབར་སྟོང་ཕྲག་མང་བོའི་སར་དཀྱིལ་དབུས་གྲོང་ཁྱེར་པེ་ཅིང་དུ་སོང་དེ་དུས་ཡུན་ཉིན8ཀྱི་རིང་ལ་སེམས་པ་རྣལ་ལ་ཕབ་པའི་འགྲུལ་བཞུད་བྱས།

   གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དར་ཆ་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ལ་བལྟས་པ་དང་། མི་དམངས་དཔའ་བོ་རྗེས་དྲན་རྡོ་རིང་ལ་མཇལ་ཏེ་གསར་བརྗེ་སྔོན་གཤེགས་པར་དྲན་གསོ་ཞུས་པ་དང་རྒྱལ་ཁབ་དང་ཕ་ཡུལ་ལ་དགའ་ཞེན་ཚད་མེད་བཅངས། ཕོ་བྲང་རྙིང་བ་དང་ལྕགས་རི། དབྱི་ཧོ་ཡོན་སྐྱེད་ཚལ་སོགས་གནའ་ཤུལ་གྲགས་ཅན་དག་ལ་གཟིགས་ཞིབ་མཛད་པ་དང་། ལོ་རྒྱུས་ཀྱི་རྒྱུད་རིམ་མྱོང་རོལ་དང་རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་། དགུང་ལོ73ལོན་པའི་རྒད་པོ་སྟག་འབྲུག་རྒྱལ་ལ་ལམ་བར་དུ་དགའ་སྤྲོ་དཔག་མེད་སྐྱེས། ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་གདུང་བཞུགས་ཁང་ལ་མཇལ་རྗེས། ཁོས་ལག་ཏུ་ཉོས་མ་ཐག་པའི་དྲན་རྟེན་བྲང་རྒྱན་ལ་རེག་ཞོར་ངག་འདར་བཞིན་དུ། “དེ་སྔ་པེ་ཅིང་དུ་ཡོང་ནས་ཀྲུའུ་ཞི་མའོ་ཙེ་ཏུང་མཇལ་འདོད་རྟག་ཏུ་ཡོད་ཀྱང་དེ་རིང་བསམ་འདུན་དངོས་སུ་འགྲུབ་སོང”ཟེར།

   མཐོ་སྒང་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད།    ལེའོ་ཁྲིན་བོད་སྐྱོར་ལས་བྱེད་དོ་དམ་ཚོ་ཆུང་གིས་དམངས་སྲིད་སྡེ་ཁག་དང་སྦྲེལ་མཐུད་བྱས་ཏེ་ཧྲན་ཏུང་བོད་སྐྱོར་སྲིད་ཇུས་ཀྱི་མ་དངུལ་བརྩོན་ལེན་བྱས་ཏེ། སྲིད་ཇུས་ཀྱི་ཁེ་འབབ་དེ་མཐོང་ཐུབ་པ་དང་རེག་ཐུབ་པའི་དམངས་ཚིས་ཀྱི་བདེ་རྩར་གྱུར་ཡོད།      ལེའོ་ཁྲིན་བོད་སྐྱོར་དཔུང་སྡེས“རྐང་ཚར་མཁོ་བ་དང་ལེའོ་ཁྲིན་གྱིས་སྒྲུབ་ཐུབ་པ”གཏན་འཁེལ་བྱས་པ་དང་། ཉམས་ཐག་རིགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས་མངའ་ཁོངས་ཁག་གིས་ནུས་པ་བླ་ལྷག་བཏོན་ཡོད།  ཧྲན་ཏུང་ནུབ་རྒྱུད་ཀྱི་བདེ་ཐང་ནས་མཚོ་སྔོན་པོའི་འགྲམ་བར་སྤྱི་ལེ1700ལས་བརྒལ་བའི་ཧྲན་ཏུང་དང་མཚོ་སྔོན་བར་གྱི་དམ་བཅའ་དེ་དམངས་སེམས་ན་གསོན་ཉམས་ལྡན་པའི་ལག་ལེན་དངོས་སུ་གྱུར་ནས“ལེའོ་ཁྲིན་གྱི་དྲོད་ཁོལ”མཐོ་སྒང་གི་ཕངས་བ་རུ་དལ་གྱིས་བཞུར་བཞིན་ཡོད།