网站无障碍
རྐང་ཚ་རྫོང་དམངས་སྲིད་ཅུ་ཡིས་གཅིག་བསྡུས་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཟས་ཟ་བའི་དཀའ་གནད་སེལ།
发布时间:2026年11月02日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་ཕྱོགས་སུ་གནས་ཤིང་ས་བབ་མཐོ་ཞིང་འབྲོག་ཁུལ་ཡིན། མི་གྲངས་བསྡོམས་འབོར་ཁྲི4.6ཡོད་པ་དང་། ལོ60ཡན་གྱི་རྒན་རྒོན་མི་གྲངས5137ཟིན་པས་སྤྱིའི་མི་འབོར་གྱི11.2%ཟིན། ས་ཁུལ་འདིར་དཀའ་ངལ་ཡོད་པའི་རྒན་རྒོན་ཁ་ཤས་ཁེར་རྐྱང་དུ་སྡོད་པ་དང་འགུལ་སྐྱོད་མི་བདེ་བར་མ་ཟད། འབྲོག་ཁུལ་གྱི་ས་རྒྱ་ཆེ་ཞིང་གནས་སྡོད་ཁ་ཐོར་ཡིན་པས“ཟ་མ་གཡོས་སྦྱོར་དཀའ་བ་དང་བཟའ་བཏུང་སེམས་ཁྲལ་ཡོད་པ”དེ་སྔོན་ཆད་ཁོ་ཚོའི་སེམས་ཁུར་ཆེན་པོ་ཞིག་ཏུ་གྱུར་ཡོད། གཅིག་བསྡུས་བཅོས་སྐྱོང་མ་བྱས་གོང་དུ། རྫོང་ཡོངས་སུ་རྒན་གསོ་ཞབས་ཞུ་སྒྲིག་ཆས་དང་ཟས་རིགས་མཁོ་སྤྲོད་བྱེད་ས7ལས་མེད་ཅིང་། ཞབས་ཞུའི་ཁྱབ་ཁོངས་ཆུང་བ་དང་ཐེག་ནུས་ཞན་པོ་ཡིན་པར་མ་ཟད། མ་དངུལ་བེད་སྤྱོད་ཚུལ་མཐུན་མིན་པ་དང་ཐོན་ཁུངས་འཕྲོ་བརླག་གཏོང་བ། ཞབས་ཞུ་རྣམ་པ་ཙམ་དུ་ལུས་པ་སོགས་ཀྱི་གནད་དོན་མང་པོ་མངོན་གསལ་གྱིས་ལྷག་འདུག རྫོང་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཐོང་ཆེན་གནང་སྟེ། དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཟ་རོགས་ཞབས་ཞུ་ནི་དམངས་ཚིས་འགན་སྲུང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཐེངས་མང་པོར་ཆེད་དོན་ཞིབ་འཇུག་བྱས་པ་དང་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། དངོས་སུ་བཀོད་སྒྲིག་ལྟ་སྐུལ་གནང་བ་བཅས་མཐོ་སྒང་འབྲོག་ཁུལ་གྱི་རྒན་རྒོན་ཚོས་ཟས་ཟ་བདེ་མོ་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱས།

 མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ཏེ་ནོར་འཁྲུལ་ཡོ་བསྲང་བྱས། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་། རྐང་ཚ་རྫོང་གིས་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཟས་ཟ་རོགས་བྱེད་པ་འདི་ཉིད་དག་ཐེར་བྱ་ཡུལ་གཙོ་བོར་བཞག་སྟེ། རྒན་གསོ་ཞབས་ཞུའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་མཁན་ལས་ཁུངས་བཙུགས་ནས། དངུལ་རྩ་དོ་དམ་དང་སྒྲིག་ཆས་འཛུགས་སྐྲུན། ཞབས་ཞུའི་སྤུས་ཚད་སོགས་གནད་འགག་ཆེ་སར་ཕྱོགས་ཡོངས་ནས་རང་བཤེར་བྱས། ཡུལ་དངོས་ནས་བཅར་འདྲི་དང་ཁྱིམ་ཚང་དུ་བཅར་འདྲི་བྱེད་པ། རྩིས་ཐོ་ཞིབ་བཤེར་བྱེད་པ། ཞུ་གཏུག་ཁ་པར་བཙུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དངུལ་རྩའི་བཀོལ་སྤྱོད་ཚད་ལྡན་མིན་པ། རྒན་གསོ་སྒྲིག་ཆས་བེད་མེད་དུ་ལུས་པ། རོགས་སྐྱོར་བྱ་ཡུལ་ངོས་འཛིན་གསལ་པོ་མ་བྱུང་བ། གཉེར་སྐྱོང་མཚམས་ཆད་པ་སོགས་ཀྱི་གནད་དོན་ཞིབ་ཕྲ་རྩད་གཅོད་བྱས་རྗེས། རེ་རེ་བཞིན་རེའུ་མིག་བཟོས་ཏེ་དུས་ཚོད་གཏན་འཁེལ་དང་འགན་འཁྲི་གསལ་སྟོན། ཨང་རྟགས་བསུབ་པ་བཅས་ཀྱི་སྒོ་ནས་དོ་དམ་ནན་པོ་བྱས། “རྫོང་དང་ཡུལ་ཚོ་སྡེ་བ་གསུམ”མཉམ་འབྲེལ་གྱིས་ལྟ་རྟོག་གཏིང་ཟབ་བྱས་ཏེ། ཟ་ཁང་གི་ས་གནས་འདེམ་པ་དང་འཛུགས་སྐྲུན། མ་དངུལ་སྤྲོད་ལེན། ཟས་རིན་ཁ་གསབ་སོགས་གོ་རིམ་ཧྲིལ་བོར་ཞུགས་ནས་ལྟ་སྐུལ་ནན་མོ་བྱས། བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཁག་ལ་གཡོལ་ཐབས་མི་བྱེད་པ་དང་སྐྱོན་འགེབས་མི་བྱེད་པར། ས་ཚིགས་རེ་རེར་གཞིགས་ནས་ལེགས་བཅོས་འཆར་གཞི་བཟོས་པ་དང་། བེད་མེད་དུ་ལུས་པའི་སྒྲིག་ཆས་རིགས་དབྱེ་ནས་བསྐྱར་བཟོ་དང་སྤྱོད་སྒོ་གསར་པ་བཏོད་པ། དངུལ་རྩའི་བཀོལ་སྤྱོད་ཚད་ལྡན་མིན་པའི་གནད་དོན་ཡོངས་རྫོགས་གཙང་བཤེར་བྱས་ཏེ་ཆེད་དོན་རྩིས་ཐོ་བཟོ་བ། རོགས་སྐྱོར་བྱ་ཡུལ་ངོས་འཛིན་ནོར་བ་དག་ཡང་བསྐྱར་ཁྱིམ་དུ་སོང་སྟེ་བདེན་དཔང་བྱས་རྗེས་དུས་ཐོག་ཏུ་བསྒྱུར་བཅོས་བཏང་ནས། དངོས་གནས་རོགས་རམ་མཁོ་བའི་རྒན་རྒོན་ཚང་མའི་ལོངས་སུ་སྤྱོད་ཐུབ་པར་ཁག་ཐེག་བྱས། བཅོས་སྒྱུར་ལག་བསྟར་བྱས་པ་ནས་བཟུང་ཁྱོན་སྡོམ་གནད་དོན6དང་དོན་ཚན14ཐག་བཅད་དེ་ཕྱིར་འཐེན་བྱས་ཤིང་། ཟ་ཁང་ཞབས་ཞུ“ཡོད་མེད”ནས“བཟང་ངན”་ལ་འགྱུར་བ་འབྱུང་བར་སྐུལ་མ་ཐེབས།

图片

    གནད་ལ་སྨིན་པའི་ཐབས་ཤེས་སྤྱད་དེ་ཆད་ལུས་ཁ་གསབ་བྱས། མཐོ་སྒང་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། གཅིག་བསྡུས་བཅོས་སྐྱོང་གོ་སྐབས་བཟང་པོ་འདིར་བསྟུན་ཏེ་ཟ་ཁང་ཞབས་ཞུ་སྤུས་ཀ་ཇེ་ལེགས་སུ་བཏང་། སྤྱི་ལོ2024-2026ལོའི་རིང་རིམ་བསགས་ཀྱིས་རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི927.5བརྩོན་ལེན་བྱས་ཤིང་དེ་དག་ཆེད་དུ་སྤྱད་པ་ཡིན། སྔར་ཡོད་ཐོན་ཁུངས་སྔོག་འདོན་དང་ས་ཆ་སོ་སོར་འཚམ་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས། ཡུལ་ཚོ་དང་གྲོང་རྡལ་གྱི་སྣ་འཛོམས་རིག་གནས་ལྟེ་གནས་དང་བེད་མེད་དུ་ལུས་པའི་སློབ་གྲྭའི་མལ་ཁང་རྙིང་བ་སོགས་རྨང་གཞིར་བརྟེན་པ་ལས་གཞི་རྒྱ་ཆེན་པོ་མི་བསྐྲུན་པར་མ་རྩ་ཆུང་ངུས་རྒན་གསོ་ཞབས་ཞུའི་རྟེན་གཞི་ཉམས་ཆག་བྱུང་བ་རྣམས་སླར་གསོ་བྱས་ཏེ། ཟ་ཁང་གསར་བ13བསྐྲུན་པ་དང་སྔར་ཡོད་རྒན་གསོའི་སྒྲིག་ཆས7ཡར་རྒྱས་བཏང་བར་མ་ཟད། ཟ་ཁང15རུ་མེ་གསོད་ཡོ་བྱད་ཆུང་ངུ་ཆ་ཚང་བསྒྲིགས་པ་དང་། རྒན་གསོ་སྒྲིག་ཆས2ལ་མེ་སྐྱོན་སྔོན་འགོག་སྒྱུར་བཀོད་ལས་གྲྭ་སྤེལ། “ནོར་སྲིད་མ་འཇོག+ཀྲུང་དབྱང་བྱ་དགའི་ཁ་གསབ+སྤྱི་ཚོགས་ཞལ་འདེབས+ཐུན་མོང་ལྡོག་གསོ+མི་སྒེར་གྱིས་རང་འཕུད”ཞེས་པའི་སྣ་མང་རང་བཞིན་ལྡན་པའི་མ་དངུལ་འགན་ལེན་མ་ལག་བཙུགས་པ་དང་། རྫོང་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་འཁོར་སྐྱོད་གྲོན་དངུལ་སྒོར་ཁྲི130ལྷག་ཙམ་གཏོང་བཞིན་ཡོད། འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པའི་དོན་དངོས་ལ་ཁ་གཏད་གཅོག་ཆེད། “རྒྱུན་ཚུགས་ཟ་ཁང+གཅེས་སེམས་ཟས་སྐྱེལ”ཅེས་པའི་བྱེད་སྟངས་གསར་གཏོད་བྱས་ཏེ། ལྟེ་བའི་ཟ་ཁང་གིས་གཅིག་གྱུར་གྱིས་གཡོས་སྦྱོར་དང་ཡན་ལག་སོ་སོས་སྐྱེལ་འདྲེན་བྱེད་པ༌། ཉིན་རེར་ཆེད་མི་དང་ཆེད་སྤྱོད་རླངས་འཁོར་གྱིས་དྲོད་ཁོལ་འཛོམས་པའི་ཁ་ཟས་སྣ་ཚོགས་འདུས་སྡོད་བྱེད་ས་དང་འགུལ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་ཚོར་སྐྱེལ་བ་ཡིན། འོམ་ཆུ་གྲོང་རྡལ་མཁར་ནུབ་རྒྱུད་སྡེ་ཁུལ་གྱི་ཟ་ཁང་དེས་ཉིན་རེར་ཆ་སྙོམས་རྒན་རྒོན50ལྷག་ལ་ཞབས་འདེགས་ཞུ་བ་དང་། འགན་འཁུར་བ་རྡོ་རྗེ་ཚེ་རིང་གིས་ཉིན་རྟག་པར་རླངས་འཁོར་བསྐོར་ནས་མཐའ་འཁོབ་རྩྭ་ཐང་དུད་ཁྱིམ་དུ་ཟས་སྐྱེལ་བཞིན་ཡོད། དུས་མཚུངས་སུ་ཟ་ཁང་གི་ཁོར་ཡུག་གཙང་སྦྲ་དང་བྱེད་ནུས་རྒྱ་བསྐྱེད་ཐད་ཤུགས་བསྣན་ཏེ། སྣུམ་ཉུང་བ་ཚྭ་ཉུང་བ། འཇུ་སླ་བ། བཅུད་ཆེ་བ་བཅས་ཀྱི་འཕྲོད་བསྟེན་ཟས་རིགས་དང་བོད་ཟས་སྡེབ་སྦྱོར་ལེགས་པོ་བྱས་ནས། རྒན་གསོ་ཞབས་ཞུ་ནི“རྨང་གཞི་ཟ་ཁང”ནས“ཟ་ཁང+ཁམས་གསོ+སྤྱི་འབྲེལ”ཕྱོགས་སུ་རྒྱ་བསྐྱེད།

图片

   ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཚད་ལྡན་འཁོར་རྒྱུག་ཇེ་བརྟན་དུ་བཏང་། གཅིག་བསྡུས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གནད་དོན་སླར་ཡང་འབྱུང་བར་དོགས་ཟོན་བྱ་ཆེད། རྐང་ཚ་རྫོང་གིས་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཟ་ཁང་ཞབས་ཞུ་ཡུན་རིང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་འབད་འབུངས་ཧུར་ཐག་བྱས་ཏེ། ཟ་ཁང་ཞབས་ཞུ་དེ་དུས་ཐུང་བཅོས་སྐྱོང་ཁོ་ན་མ་ཡིན་པར་རྒྱུན་དུ་གནས་པ་དང་སྒྲིག་སྲོལ་ལྡན་པ་ཞིག་ཏུ་འགྱུར་བར་དམིགས་པ་ཡིན། ཟ་ཁང་ཞབས་ཞུ་དང་ཟས་རིགས་བདེ་འཇགས་སྐོར་གྱི་ལམ་ལུགས། མ་དངུལ་སྤྱི་བསྒྲགས་བྱེད་ཕྱོགས་སྐོར། མེ་སྐྱོན་འགོག་སྲུང་སྒྲིག་ལམ་སོགས་གཏན་འབེབས་གསལ་བོ་བྱས་པ་དང་། ཁྲོམ་ར་ལྟ་སྐུལ་སྡེ་ཁག་དང་མཉམ་དུ་ཟས་རིགས་ཉར་ཚགས་ཟིན་ཐོ་ཚད་གཞི་གཅིག་གྱུར་བཟོས་ཤིང་༌། ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་རིམ་པ་བགོས་ནས་གཉེར་བ། ཟ་ཁང་ཡོད་ཚད་ལ་ཉར་འཇོག་སྒྲིག་ཆས་ཁྱད་པར་ཅན་སྤྲད་དེ། རྒྱུ་ཆ་ཉོ་སྒྲུབ་དང་གསོག་ཉར། གཡོས་སྦྱོར། སྣོད་ཆས་དུག་སེལ། ཟས་རིགས་ཉར་ཚགས་བཅས་བརྒྱུད་རིམ་ཧྲིལ་བོ་དམ་འཛིན་ནན་མོ་བྱས། ཉེན་ཁ་བརྟག་དཔྱོད་དང་གནད་དོན་ཐོ་འགོད་བྱེད་ཐབས། དུས་ཡུན་ངེས་ཅན་ནང་བཟོ་བཅོས་རྒྱག་སྟངས། བསྐྱར་ཞིབ་བྱས་རྗེས་མིང་ཐོ་སུབ་སྟངས་བཅས་ཀྱི་ལས་ཀ་སྦྲེལ་མཐུད་དམ་པོ་ཆགས་པར་བྱས་ཏེ། ཉེན་འགོག་བྱ་བ་རྒྱུན་ལྡན་ཅན་དུ་སྤེལ་བ་ཡིན། འབྲོག་ཁུལ་གྱི་གནས་བབ་དང་བསྟུན་ནས་གཞུང་སྒེར་མཉམ་གཉེར་གྱིས“ཟ་ཁང་དོ་དམ”བྱེད་པ་དང་སྡེ་བས(སྡེ་ཁུལ)རང་སྐྱོང་སྒོས་བདག་གཉེར་བྱེད་པའི“ཟ་ཁང་དོ་དམ”ལ་སོགས་པའི་དཔེ་དབྱིབས་སྣ་མང་ཁྱབ་སྤེལ་བྱས་ཏེ། ཕྱི་རོལ་ཆེད་ལས་ལས་ཁུངས་གདན་འདྲེན་ཞུས་ནས་རྫོང་མཁར་གྱི་ཟ་ཁང་རྒྱུན་ལྡན་བདག་སྐྱོང་བྱེད་དུ་བཅུག་པ་དང་། འབྲོག་ཁུལ་གྱི་ཟ་ཁང་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་པ་དང་ལས་བྱེད་པས་འགན་འཁུར་བ། སྤྱི་ཕན་ལས་གནས་ཀྱིས་རྒྱབ་སྐྱོར་བྱེད་པ། ཏང་ཡོན་དང་བླངས་པས་གཞོགས་འདེགས་བྱེད་པ་བཅས་རིམ་པ་བཞི་ཡི་རྒན་གསོ་དཔུང་ཁག་ཅིག་གྲུབ་པར་བྱས། ཞབས་ཞུའི་སྤུས་ཚད་དཔྱད་བསྡུར་ལམ་ལུགས་བཙུགས་ཏེ། དུས་ཚིགས་རེར་ཟ་ཁང་དུ་ཡོང་མཁན་གྲངས་ཚད་དང་ཟས་རིགས་བདེ་འཇགས། མང་ཚོགས་ཡིད་ཚིམ་ཚད་བཅས་ཕྱོགས་བསྡུས་དཔྱད་ཞིབ་བྱེད་པ། མཇུག་འབྲས་དེ་འཁོར་སྐྱོད་ཁ་གསབ་མ་དངུལ་བགོ་འགྲེམས་དང་འབྲེལ་བ་དམ་ཟབ་བྱས་ནས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་ལྕག་བྱས།

图片

   བཅོས་སྐྱོང་ལ་འབྲས་བུ་ཐོན་པས་དམངས་ཚིས་ལ་དྲོ་སྐྱིད་སྦྱིན། གཅིག་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་རྐང་ཚ་རྫོང་གི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཟ་ཁང་ཞབས་ཞུ་ལ་ཕན་ནུས་གཉིས་ཀ་མངོན་གསལ་གྱིས་གོང་འཕེལ་ཕྱིན་ཡོད། ད་ལྟ་རྒན་གསོ་སྒྲིག་ཆས་དང་བདེ་སྐྱིད་ཇ་ཁང་སྣ་ཁ20ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་བཞིན་པ་འདི་དག་གིས། ཡུལ་ཚོ་དང་གྲོང་རྡལ། སྡེ་བ(སྡེ་ཁུལ)ཀུན་ལ་ཁྱབ་པ་མངོན་འགྱུར་བྱུང་སྟེ། སྔོན་མ་ཞབས་ཞུ་རྗེས་ལུས་ཐེབས་པ་དང་ཁེབས་རྒྱ་ཆུང་བའི་སྣང་ཚུལ་རྩ་བ་ནས་བསྒྱུར་བ་རེད། རོགས་སྐྱོར་ཐོབ་ཡུལ་ནི་ཕ་མ་གཅིག་པུ་དང་དམའ་སྲུང་། ཁྱད་དབུལ། དབང་པོ་སྐྱོན་ཚབས་ཆེན་ཕོག་པ་སོགས་དཀའ་ངལ་ཡོད་པའི་རྒན་རྒོན400ལྷག་ཟིན་པ་དང་། ལོ་རེར་སྣེ་ལེན་དང་ཟས་སྐྱེལ་བྱེད་ཚད་ཐེངས28560སླེབས་ཀྱིན་ཡོད་པས། མཐོ་སྒང་འབྲོག་ཁུལ་གྱི་རྒན་རྒོན་ཚོས“ཟ་མ་གཡོས་སྦྱོར་དཀའ་བ་དང་བཟའ་བཏུང་སེམས་ཁྲལ་ཡོད་པའི”དཀའ་ངལ་ངོ་མ་དེ་སེལ། དེང་སང་ཟ་ཁང་ནང་དུ་རྒན་རྒོན་རྣམས་ལྷན་དུ་བསྡད་ནས་ཟ་མ་ཟ་བ་དང་ཁ་བརྡ་བྱེད་ཞོར་འཛུམ་མདངས་རྒྱས་འདུག་པ་འདིས་འཚོ་བ་གསར་བའི་དགའ་སྤྲོ་མཚོན་ནོ། རྒན་རྒོན་ཁ་ཤས་ཀྱིས་སེམས་འགུལ་ཐེབས་བཞིན་དུ། “སྔོན་ཆད་གནམ་གཤིས་འཁྱགས་དུས་མེ་འབུད་འདོད་མེད་པར། ཉོན་གཅིག་ལ་ཟ་མ་ཐེངས་གཅིག་ཟས་པའི་ཆོག་འདོད་བཞིན་ཡོད། ད་ནི་སྒོ་ཕྱིར་ཐོན་མ་ཐག་ཟ་མ་ཚ་མོ་དང་ཚལ་རིགས་ལོངས་སུ་སྤྱོད་ཐུབ་པར་མ་ཟད། གྲོགས་པོ་རྙིང་བ་ཚོ་དང་མཉམ་དུ་ཁ་བརྡ་བཤད་ཐུབ་པས་འཚོ་བ་ཇེ་སྐྱིད་དུ་འགྲོ་གི་འདུག”ཅེས་བཤད། ཐེངས་འདིའི་གཅིག་བསྡུས་བཅོས་སྒྲིག་བྱས་པ་དེས་ཟས་སྦྱོར་ཞབས་ཞུ་ཚད་ལྡན་བཟོས་པ་དང་ཐོན་ཁུངས་བེད་མེད་བེད་སྤྱོད་བྱས་པ། ལས་བྱེད་པའི་སྤྱོད་ཚུལ་ལེགས་སྒྱུར་བྱུང་བ་ཙམ་མ་ཡིན་པར་མཐོ་སྒང་འབྲོག་ཁུལ་གྱི་དཀའ་ངལ་ཅན་གྱི་རྒན་རྒོན་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་སུ་མྱོང་ཚོར་ཐུབ་པར་བྱས། 

图片

    རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་གཅིག་བསྡུས་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་བཏང་ནས། ཟས་སྦྱོར་ཞབས་ཞུའི་རྒྱུན་གནས་འཁོར་སྐྱོད་དང་ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་བཟོ་བ་དང་མ་དངུལ་འགན་སྲུང་། ཞབས་ཞུའི་ཚད་གཞི། དཔྱད་ཞིབ་སྐུལ་ལྕག་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་བ། ཟས་སྦྱོར་ཞབས་ཞུ“ཡོད་པ”ནས“ལེགས་པོ”ཡོང་བར་སྐུལ་མ་གཏོང་བ་བཅས་བྱ་རྒྱུ་ཡིན། མཐོ་སྒང་འབྲོག་ཁུལ་སྡོད་གནས་ཐར་ཐོར་ཡིན་པ་དང་འབྲོག་ལས་སྤོ་སྐྱོད་རང་བཞིན་ལྡན་པའི་དོན་དངོས་དང་ཟུང་འབྲེལ་གྱིས། “རྒྱུན་ཚུགས་ཟ་ཁང+གཅེས་སེམས་ཟས་སྐྱེལ”གྱི་རྣམ་པ་གཏིང་ཟབ་ཏུ་སྤེལ་བ་དང་ཁྱིམ་བཅར་འཚམས་འདྲི། སེམས་ཁམས་གཅེས་སྐྱོང་། ཚབ་ཉོ་ཚབ་སྒྲུབ་སོགས་རྒྱ་བསྐྱེད་ཞབས་ཞུ་ཏན་ཏིག་བསྒྲུབས་ཏེ། ཞབས་ཞུ་འབྲོག་པ་མང་ཚོགས་ཀྱི་ཕྱོགས་སུ་བསྐྱོད་པ་དང་ཟ་མ་དྲོན་པོ་ཁྱིམ་ཚང་རེ་རེའི་སྒོར་བསྐྱལ་ཐུབ། མཐོ་སྒང་སྔོ་ཚལ་ར་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར། ཁེ་ལས་མཉམ་སྐྲུན་སོགས་ཀྱི་ཐོན་ཁུངས་སླར་ཡང་སྔོག་འདོན་བྱེད་པ་དང་། ཏང་ཡོན་དང་བླངས་མི་སྣ་དང་སྤྱི་ཕན་ལས་གནས་དཔུང་ཁག་སྟོབས་ཆེར་བསྐྱེད་དེ། ཟ་མ་དྲོན་པོ་རེ་རེ་ཡིས་མི་སེམས་དྲོད་པ་དང་དམངས་ཀྱི་སེམས་ཁྲལ་སེལ་ཞིང་། མཐོ་སྒང་འབྲོག་ཁུལ་གྱི་དཀའ་ངལ་ཅན་གྱི་རྒན་རྒོན་ཚོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་འབྲས་བུ་མཉམ་སྤྱོད་དང་བདེ་སྐྱིད་ངང་ཚེ་མཇུག་རོལ་ཐུབ་པ་བྱ་རྒྱུ་ཡིན།