རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“དམིགས་འབེན་བཞི”ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“གཅིག་འཐུས་རྣམ་པའི”ནུས་པ་མཐོར་འདེགས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བར་རམ་འདེགས་བྱས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། རྐང་ཚ་རྫོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཡང་དག་པའི་སྲིད་དོན་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཞིང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་འཕེལ་བཏང་སྟེ། འབྱུང་ཁུངས་དོ་དམ་དམ་འཛིན་བྱེད་པ་དང་གནད་དོན་ཆུང་ངུ་དུས་ཐོག་ཏུ་ཐག་གཅོད་བྱེད་པར་ཁ་ཕྱོགས་ཏེ། ཕྱོགས་ཡོངས་ནས་འགལ་བ་དང་རྩོད་གཞི་རྩད་ཞིབ་འདུམ་སྒྲིག་ལས་དོན་སྤེལ་ལ། སེམས་ཤུགས་ཡོད་རྒུ་བཏོན་ཏེ་མང་ཚོགས་ཀྱི་རེ་འདུན་སྣ་ཚོགས་འོས་འཚམ་ངང་ཐག་བཅད་དེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད།


ཐོན་ཁུངས་བསྡུ་སྒྲིལ་ལ་དམིགས་ནས་གཅིག་འཐུས་རྣམ་པའི་ཞབས་ཞུའི་སྟེགས་བུ་བསྐྲུན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ཚད་གཞི་ནན་པོ་གཞིར་བཟུང་སྟེ་ཞབས་ཞུའི་ཐོན་ཁུངས་སྡེབ་སྒྲིག་གིས་དངོས་གཞིའི་འཁོར་སྐྱོད་རྨང་གཞི་བརྟན་པོ་བཏིང་ཡོད། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སྤྱི་བདེ། མི་ཤུགས་ཐོན་ཁུངས། ཁྲིམས་འཛིན། ཡིག་བསྐུར་ངོ་བཅར་སོགས་རྒྱུན་སྡོད་ལས་ཁུངས7དང་། རེས་སྐོར་ལས་བྱེད་སྡེ་ཁག11 གནས་སྐབས་སྡེ་ཁག9བཅས་མཉམ་ཞུགས་བྱས་ཏེ་ལྟེ་གནས་ཀྱི་བྱ་བ་བསྒྲུབས་ཤིང་། ཡིག་སྐུར་སྣེ་ལེན་དང་གཏུག་བཤེར་ཐོ་འགོད། སྣ་མང་མཐུན་སྦྱོར། སེམས་ཁམས་སློབ་སྟོན། ཁྲིམས་ལུགས་རོགས་སྐྱོབ། དཔང་རྟགས་ཞབས་ཞུ་སོགས་བྱེད་ནུས་མང་པོ་ཞིག“གཅིག་འཐུས་རྣམ་པའི”བསྡུས་ཡོད། རྒྱུན་རྣམ་ཅན་གྱི་བྱ་བ་སྒྲུབ་མཁན་མི་སྣ33བཀོད་སྒྲིག་བྱས་ཡོད་པ་ལས། གཏན་འཇགས་ལས་མི13ཚུད་ཡོད། “ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གོ་རིམ་རང་བཞིན་གྱི་སྐུལ་འདེད་འགན་འཁུར་བ་དང་། ཟབ་ཞུགས་བྱེད་མཁན་སྡེ་ཁག་གིས་དོན་དངོས་རང་བཞིན་གྱི་འགལ་ཟླ་སེལ་རྒྱུར་འགན་ལེན་བྱེད་པའི”ལས་སྒྲུབ་བྱེད་སྟངས་ཤུགས་ཆེན་པོས་སྤེལ་བཞིན་ཡོད། མིག་སྔའི་བར་དུ། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཁྱོན་བསྡོམས་མི་གྲངས2100ལྷག་ལ་སྣེ་ལེན་ཞུས་པ་དང་། རིགས་སོ་སོའི་འགལ་བ་དང་རྩོད་གཞི200ཙམ་བདག་སྤྲོད་དང་བདེ་བླག་ངང་བསྡུམས་པར་མ་ཟད། ཁྲིམས་ལུགས་རོགས་སྐྱོར་གྱོད་གཞི36བསྒྲུབས་པ་དང་། དཔང་རྟགས་ཞབས་ཞུ24སྒྲུབ་ཅིང་། བཅའ་ཁྲིམས་ཡིག་ཆ230ཚབ་འབྲི་བྱས།


ཚད་ལྡན་འཁོར་སྐྱོད་ལ་དམིགས་ནས་བརྒྱུད་རིམ་ཧྲིལ་པོར་གདུབ་ཟུམ་ཐག་གཅོད་བྱས། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཐོག་མར་འདྲི་རྩད་འགན་འཁྲི་ལམ་ལུགས་དང་དུས་ཚོད་ངེས་ཅན་ནང་མཇུག་བསྒྲིལ་བའི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་། ལས་དོན་ཁྲོད་དུ་འདྲི་གཏུག་དུ་ཡོང་བའི་མང་ཚོགས་དང་སྡེ་ཁག་བརྒྱུད་སྤྲོད། དྲ་མིག་པས་སྙན་ཞུ་ཕུལ་བ་སོགས་འགལ་བ་དང་རྩོད་གཞི་ཡོད་ཚད་གཅིག་བསྡུས་བྱས་ཏེ། ཞུ་འབུལ་ཟིན་ཐོ་འགོད་པ་དང་སྔོན་ལ་འདུམ་སྒྲིག་བྱེད་པ་ནས་བཟུང་། བགོ་འགྲེམས་སྒྲུབ་པ་དང་རྗེས་སྙེག་ལྟ་སྐུལ་བྱེད་པའི་རིམ་པ་རེ་རེར་འབད་བརྩོན་ལྷོད་མེད་བྱས་པས། ཚགས་བཟོ་ཞུ་ཐེབས་བྱེད་པ་དང“ཡིག་ཚགས་རེ་ལ་བཤེར་ཨང་རེ”ཡི་དོ་དམ་ཚད་ལྡན་མངོན་འགྱུར་བྱུང་སྟེ། མང་ཚོགས་ཀྱི་རེ་བ་གང་ཞིག་ཡིན་རུང་དེར་ལྟ་རྟོག་མཁན་ཡོད་པ་དང་ཁྲིམས་ལྟར་བསྒྲུབ་ཐུབ་པར་ཁག་ཐེག་བྱས་ཡོད། དོན་དག་སྟབས་བདེ་རྣམས་ཡུལ་དངོས་ནས་འཕྲལ་མར་བསྒྲུབ་པ་དང་། རྙོག་འཛིང་ཆེ་བའི་རྩོད་གཞིར་གྲོས་མོལ་ཞིབ་འཇུག་ལམ་ལུགས་ལག་བསྟར་བྱས་ཏེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་པ། གལ་ཏེ་འདུམ་འགྲིག་མ་བྱུང་ཚེ་མྱུར་དུ་གཏུག་བཤེར་སོགས་ཐབས་ལམ་གཞན་ལ་འཇུག་པ་དང་། འདུམ་འགྲིག་ལེགས་པོ་བྱུང་བ་དག་དུས་ཐོག་ཏུ་བཅར་ལན་བྱས་ཏེ་གྲོས་ཆོད་ལག་བསྟར་བྱེད་པར་སྐུལ་མ་གཏོང་བ་བཅས་ཀྱིས། བྱ་བ་མཐར་ཕྱིན་ཅིང་མི་སེམས་བདེ་ལ་བཀོད་ཡོད།


སྣ་མང་མཉམ་འབྲེལ་ལ་དམིགས་ནས་འདུམ་འགྲིག་གི་སྤུས་ཀ་ཇེ་ལེགས་སུ་བཏང་། འགལ་བ་དང་རྩོད་གཞི་སེལ་བ་ནི་ངེས་པར་དུ་ཁྲིམས་སྲོལ་བརྩི་སྲུང་དགོས་པའི་ལམ་སྟོན་ལྟར། སྡེ་ཁག་ཕན་ཚུན་དབར་གྱི་འགོག་རྐྱེན་དངོས་སུ་བསལ་ནས་འགལ་བ་རྩོད་གཞི་ཞུ་བ་དང་ལེན་བྱེད་པ་དང་། དབྱེ་འབྱེད་བྱེད་པ། མཐར་གཏུགས་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་སྒོ་ཀུན་ནས་ལེགས་འགྲུབ་ཡོང་བར་བྱས། “ལྟེ་གནས་ཀྱིས་བརྡ་གཏོང་བ་དང་སྡེ་ཁག་གིས་འབྱོར་ལན་སློག་པའི”ལམ་སྲོལ་གསར་པ་བཙུགས་ཏེ། རིམ་དབྱེ་བ་དང་རིགས་དབྱེ་བའི་སྒོ་ནས་མཐུན་སྦྱོར་ཡག་པོ་བྱས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་རྒྱུན་སྡོད་དང་རེས་སྐོར། སྐབས་སྡོད་བཅས་ཀྱི་སྟོབས་ཤུགས་བེད་སྤྱོད་གང་ལེགས་སྤྱད་ནས། “རྒྱུན་སྡོད་གཙོ་ཁྲིད་དང་རེས་སྐོར་ཟུང་སྦྲེལ། ཆེད་ལས་གཞོགས་འདེགས”ཞེས་པའི་འདུམ་ཐབས་རྣམ་པ་དུ་མ་སྤྱད་དེ། འགལ་བ་དང་རྩོད་གཞི་སེལ་བའི་འགག་གནད་དཀའ་ཚེགས་ཆེ་བ་མཐའ་དག་ཧུར་ཐག་གིས་བསལ་བ་དང་། རིགས་འདྲ་མིན་གྱི་རྩོད་གླེང་ཚང་མ་མཉམ་དུ་ཐག་གཅོད་དང་དཔུང་བ་མཉམ་གཤིབ་ཀྱིས་དཀའ་ངལ་ཁྱད་བསད་བྱེད་ཐུབ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་ཐམས་ཅད་ཡོངས་སུ་བསྡུས་པ་དང་ཕན་ནུས་ལྡན་པའི་ངང་ནས་བསྡུམ་པའི་འབྲས་བུ་ཉིན་རེ་བཞིན་མངོན་གསལ་ཡིན། སྒྲོལ་མ་འདུམ་འགྲིག་ཁང་ཞེས་པ་འདི་ནི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཟོང་རྟགས་གྲགས་ཅན་ལྟ་བུ་ཡིན་ལ། དེས་ཞི་དྲག་འདུམ་འགྲིག་དང་ཡུལ་བབ་ཤེས་རྟོགས། ཆེད་ལས་ཤེས་བྱ་བེད་བཅས་སྤྱད་པའི་དགེ་མཚན་ཕུལ་དུ་ཕྱིན་པ་མངོན་པར་བྱས་ཏེ། ད་བར་དུ་འགལ་བ་དང་རྩོད་གཞི125ལྷག་འདུམས་ཟིན།


རྒྱུན་རྣམ་བཅར་འདྲི་ལ་དམིགས་ནས་མཐུན་སྒྲིལ་བཅོས་སྐྱོང་གི་གནས་བབ་གསར་བ་གཏོད། རྫོང་རིམ་པའི་མགོ་ཁྲིད་ཚོས་ཐད་ཀར་བཅར་འདྲི་དང་གཞི་རིམ་དུ་བསྐྱོད་པའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རྫོང་རིམ་པའི་མགོ་ཁྲིད་ཚོ་ནམ་རྒྱུན་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྡད་ནས་བཅར་འདྲི་གནང་བ་དང་། འཚམས་འདྲིར་ཕེབས་སྐབས་མགོ་ཁྲིད་རྣམས་ཀྱིས་མང་ཚོགས་དང་ཁ་གཏད་ནས་བསུ་བ་ཞུས་ཤིང་། སྐད་ངག་འཐམ་པོས་དྲི་བ་དྲིས་ལན་འདེབས་པ་དང་། དམངས་ཚིས་འགན་སྲུང་དང་འགལ་བ་རྩོད་གཞི་ལ་སོགས་པའི་ཐད་ཀྱི་བསམ་འཆར་ལྷག་བསམ་རྣམ་དག་གིས་ཉན་འཇོག་གནང་གིན་ཡོད། ཁོང་ཚོས་གནད་དོན་གྱི་རྩ་བ་ཞིབ་ཚགས་ངང་གསེད་བཀྲོལ་དང་གནས་ཚུལ་ངོ་མ་བརྟག་དཔྱད་གསལ་པོ་མཛད་དེ། འབྲེལ་ཡོད་སྡེ་ཁག་གི་ལས་འགན་གསལ་བོར་བཟོས་རྗེས། མང་ཚོགས་ཀྱི་འདོད་ཚུལ་ལུགས་མཐུན་ཡིན་མིན་ཡུལ་དངོས་ནས་དཔྱད་བསྡུར་གཏན་འབེབས་མཛད་པ་དང་། འཕྲལ་དུ་ཐག་གཅོད་དམ་ཡང་ན་དུས་ཚོད་ངེས་གཏན་ནང་དུ་མཇུག་འབྲས་ཐོན་པར་བྱས། དེ་ལྟར་འགལ་བ་རྩོད་གཞི་མང་ཆེ་བ་གཞི་རིམ་ནས་མེད་པར་གྱུར་ལ་ཆུང་ས་ནས་གཙང་སེལ་བྱེད་པའི་ཐབས་ཤེས་བཟང་པོ་འདིས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད། ད་ལོ་ཁོ་ནར་ཁུལ་དང་རྫོང་གཉིས་ཀྱི་མགོ་ཁྲིད་རྣམས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅར་འདྲིར་ཐེངས16ལ་ཡོང་།