རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས“ཁ་གསབ”ཀྱིས་གནད་དོན་ཐག་གཅོད་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཉིས་ཀར་སྤུས་ཚད་མཐོར་འདེགས་གཏོང་བའི་ཐབས་ལམ་གསར་པ་བཏོད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྟོན་དུས་སྒོ་ཕྱུགས་ཕྱིར་འཚོང་གི་དུས་ཚོད་བཟང་པོ་དམ་འཛིན་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས་མཚོ་ོབསྐོར་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ནས། “སྲིད་གཞུང་གིས་སྣེ་ཁྲིད་པ་དང་སྲིད་ཇུས་ཀྱིས་ནུས་གནང”ཕྱོགས་གཉིས་ཀ་མཉམ་དུ་སྤེལ་བར་རྒྱུན་འཁྱོངས་བྱས་པ་དང་། “སྐྱེ་ཁམས་རྩིས་ཐོ”དང“དཔལ་འབྱོར་རྩིས་ཐོ”ཡག་པོ་བྲིས་ཏེ། གོ་རིམ་ལྡན་པའི་སྒོ་ནས་སྒོ་ཕྱུགས་ཕྱིར་འཚོང་དང་ཕྱུགས་ལས་ཉོ་ཚོང་ཚད་ལྡན་དུ་བཏང་ཞིང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ཕན་འབྲས་ཇེ་བཟང་དུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བ་བཅས་གཅིག་གྱུར་འཆར་འགོད་བྱས་ཤིང་། “ཁ་གསབ་གྱིས་ཕྱིར་འཚོང་སྐུལ་བ་དང་། ཕྱིར་འཚོང་གིས་དོ་མཉམ་སྐུལ་བ། དོ་མཉམ་གྱིས་ཡོང་འབབ་སྐུལ་བའི”ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད་པ་རེད།
ཁ་གསབ་གྱིས་ཕྱིར་འཚོང་སྐུལ། སྲིད་ཇུས་སྒྲོག་འགྲེལ་ཁྱིམ་ཚང་རེ་རེ་དང་མི་རེ་རེའི་རྩར་སླེབས་པར་བྱས་ཏེ། མང་ཚོགས་ཀྱིས་རང་འགུལ་ངང་ཕྱིར་འཚོང་བྱེད་པའི་འདོད་བློ་སྐུལ། སྒྲོག་འགྲེལ་སྔོན་ལ་སྤེལ་བ་མཐའ་འཁྱོངས་བྱས་ཏེ། སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ། སྡེ་བའི་ཨུ་ཡོན་ལྷན་ཁང་གི་གཅིག་སྡུད་སྒྲོག་འགྲེལ་དང་། ཁྱིམ་དུ་སོང་ནས་དོགས་འདྲི་སེལ་བ། སྐད་འཕྲིན་ཚོགས་པའི་ལམ་ནས་སྲིད་ཇུས་འགྲེལ་བཤད་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཕྱིབ་བཙོང་ཁ་གསབ་སྟེར་ཡུལ་དང་ཚད་འཇལ་ཚད་གཞི། སྙན་ཞུའི་གོ་རིམ། མཁོ་བའི་རྒྱུ་ཆ། སྙན་ཞུའི་དུས་བཀག་དང་ཁ་གསབ་ཚད་གཞི་སོགས་གསལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། “བཙོང་དགོས་པ་འཚོང་པ་དང་རྒྱུད་བཟང་གསོ་སྤེལ། རྩྭ་ཕྱུགས་དོ་མཉམ”ཡིན་པ་བཅས་ཀྱི་ལས་དོན་ཁ་ཕྱོགས་གཏིང་ཟབ་སྒོས་བཤད་པ་དང་། འབྲོག་དམངས་ཀྱི་སྲིད་ཇུས་ཐད་དོགས་པ་སེལ་བ་དང་སེམས་ཁྲལ་མེད་པར་བཟོས་ཏེ། ཁྲོམ་རའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པར་སྐུལ་མ་བཏང་ལ། ཚན་རིག་དང་མཐུན་པའི་སྒོ་ནས་སྒོ་ཕྱུགས་ཕྱིར་འཚོང་བྱེད་པའི་འཆར་གཞི་བཟོས་ནས། “གཞན་དབང་ཕྱིར་འཚོང”ནས“རང་འགུལ་ཕྱིར་འཚོང”ལ་བསྒྱུར།
ཕྱིར་འཚོང་གིས་དོ་མཉམ་སྐུལ། རིམ་པ་གསུམ་མཉམ་འབྲེལ་གྱིས་ཞིབ་བཤེར་ནན་པོ་བྱས་ཏེ། གནད་འཁེལ་དོ་དམ་བརྒྱུད་རྩྭ་ཕྱུགས་དོ་མཉམ་ཡོང་བར་སྐུལ་འདེད་བྱས། “སྡེ་བས་སྙན་ཞུ་འབུལ་བ་དང་ཡུལ་ཚོས་བསྐྱར་ཞིབ། རྫོང་གིས་འཐེན་བཤེར་བྱེད་པའི”རིམ་པ་གསུམ་མཉམ་འབྲེལ་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་མོ་བྱས། ཡུལ་ཚོའི་ཞིང་ཕྱུགས་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ། ཡུལ་ཚོའི་ཕྱུགས་སྨན་ཁང་དང་སྡེ་བའི“ཨུ་གཉིས”ཀྱིས་ནད་ཡམས་བརྟག་དཔྱད་དཔང་ཡིག་དང་ཉོ་འཚོང་ཐོ་གཞུང་། ཚོང་འབྲེལ་འཛིན་ཤོག་སོགས་རྒྱུ་ཆ་གཞིར་བཟུང་སྟེ་དུད་ཁྱིམ་རེ་རེ་བཞིན་དུ་ཕྱིར་འཚོང་ཆ་འཕྲིན་བདེན་མིན་ཞིབ་དཔྱད་བྱས་པ་དང་། “དུད་ཁྱིམ་གཅིག་ལ་ཡིག་ཚགས་གཅིག”ཅེས་པའི་ཚད་གཞི་ལྟར་རེའུ་མིག་འཐུས་ཚང་དུ་བཙུགས་ཡོད། སྙན་ཞུ་འབུལ་མཁན་གྱི་འབྲོག་པ་དང་ཕྱིར་འཚོང་ཁ་གྲངས། རོགས་དངུལ་སྤྲོད་པ་སོགས་གནས་ཚུལ་རིགས་དབྱེ་ནས་སྤྱི་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་དང་། རྫུན་ཞུ་དང་ཡང་བསྐྱར་ཞུ་བ་སོགས་སྔོན་འགོག་ནན་མོ་བྱས་ཏེ། ཡིག་ཆ་ཁུངས་བཙན་ཆ་ཚང་ཡིན་པ་དང་། ཆོག་མཆན་འགྲོ་ལུགས་ཚུལ་མཐུན་ཡིན་པ། གཞི་གྲངས་བདེན་པ་ཡིད་རྟོན་རུང་བ་བཅས་ཁག་ཐེག་བྱས་ནས། རོགས་སྐྱོར་མ་དངུལ་ཆ་རྐྱེན་འཛོམས་པའི་གཉེར་སྐྱོང་བྱེད་མཁན་ཁོ་ནར་ཐད་ཀར་འབྱོར་ཐུབ་པར་འགན་ལེན་བྱས།
དོ་མཉམ་གྱིས་ཡོང་འབབ་སྐུལ། རོགས་དངུལ་ཐད་ཀར་འབྲོག་ཁྱིམ་ལ་སྤྲད་དེ། སྲིད་ཇུས་ཁེ་སྤོགས་དངོས་སུ་ཐོབ་པར་བྱས། མཚོ་བསྐོར་འབྲོག་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་གནས་བབ་དམ་པོར་བཟུང་ནས། སྐྱེ་ཁམས་ཕྱུགས་ལས་གོང་འཕེལ་གཏོང་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། རྩྭ་ཕྱུགས་དོ་མཉམ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། ནོར་ལུག་ཕྱིར་འཚོང་གི་རོགས་དངུལ་སྲིད་ཇུས་ཏན་ཏིག་ངང་ལག་ལེན་བསྟར་བ་དང་། མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་རའི་དཔེ་སྟོན་སྣེ་ཁྲིད་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། འབྲོག་པས་དུས་ཚིགས་རང་བཞིན་གྱིས་ཕྱིར་འཚོང་དང་འཁོར་སྐྱོད་ལུགས་མཐུན་བྱེད་པར་མཛུབ་སྟོན་བྱས་ནས། སྒོ་ཕྱུགས་ཁྱུ་ཚོགས་གྲུབ་ཚུལ་རྒྱུན་མཐུད་ལེགས་སྒྱུར་བྱས། དུས་ཚིགས་གསུམ་པ་མཇུག་སྒྲིལ་བའི་བར་དུ། ཡུལ་ཚོ་ཡོངས་སུ་བསྡོམས་པས་ནོར་ལུག་ཁྲི7.35ཕྱིར་འཚོང་བྱས་པ་ལས། ནོར་ཁྲི1.16དང་ལུག་དྲུག་ཁྲི6.19ཡོད་པ་དང་། འབྲོག་ཁྱིམ115དང་གཞི་ཁྱོན་ཆེ་བའི་གསོ་སྤེལ་ར་བ4 ཁྱིམ་ཚང་ཕྱུགས་ར8ལ་རོགས་དངུལ་སྒོར་ཁྲི113.05བྱིན་པ་དེས་རྩྭ་ཐང་སྐྱེ་ཁམས་མུ་མཐུད་ཇེ་ལེགས་སུ་འགྲོ་བ་དང་། ཕྱུགས་ལས་ལས་རིགས་རིམ་སྤོར་ཡར་རྒྱས་འབྱུང་བ། རོང་འབྲོག་མང་ཚོགས་ཕྱུག་འགྱུར་འབྱུང་བ་བཅས་ཕན་ཚུན་རྒྱལ་ཁ་ཐོབ་པའི་རྣམ་པ་མངོན་ཡོད་པས། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད།