网站无障碍
རྐང་ཚ་རྫོང་གིས་ཞིང་ལས་ཐོན་རྫས་ཐད་འཚོང་མ་ལག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཧྲན་ཏུང་ཁྲོམ་རར་བསྐྱོད་རྒྱུར་རོགས་འདེགས་བྱས།
发布时间:2026年11月18日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཁ་གཏད་རོགས་སྐྱོར་སྲིད་ཇུས་དང་བསྟུན་ནས། ཧྲན་ཏུང་གི་འཛད་སྤྱོད་རོགས་སྐྱོབ་ཐོན་ཁུངས་དང་ཚོང་ལམ་ལ་བརྟེན་ཏེ། 《ལེའོ་ཁྲིན་གྲོང་ཁྱེར་དུ་རྐང་ཚའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་མཁན་ལ་ཁ་གསབ་དང་བྱ་དགའི་བྱ་ཐབས》བཏོན་ནས། བསྡོམས་པས་ལེའོ་ཁྲིན་གྲོང་ཁྱེར་དུ་ནོར་ལུག་ཤ་ཐད་འཚོང་ཁང8བཙུགས། དེ་སྔོན་ཤ་གསར་ཁོ་ན་བཙོང་བའི་རྣམ་པ་བསྒྱུར་ནས། ནོར་ཤ་བཙོས་མ་དང་རུས་ཁུ། རྒྱ་ཁོག་སོགས་ས་གནས་དེའི་དགོས་མཁོ་དང་མཐུན་པའི་ལས་སྣོན་རིགས་སྣ་ཚོགས་གསར་སྤེལ་བྱས། ཟླ6པའི་ཚེས9ཉིན་སྒོ་ཕྱེས་པའི་ཐད་འཚོང་ཁང་དེས་གཙོ་བོ་ནོར་ཤའི་རུས་ཁུ་གཙོ་བོར་བཟུང་ཡོད་ཅིང་། ཉིན་གཅིག་གི་ནང་ཡོང་འབབ་མཐོ་ཤོས་སྒོར་ཁྲི1.35ཟིན་པ་དང་། ལོ་རེའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་ཁྲི360བརྒལ་རྒྱུ་རེད།

   དུས་མཚུངས་སུ། རྐང་ཚ་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་ཁག་དང་ཐད་འཚོང་ཁང་དབར་འབྲེལ་མཐུད་ལམ་སྲོལ་བཙུགས་པ་དང་། “ཚོང་ཁང་རེ་ལ་ཡུལ་གྲོང་རེའི”དམིགས་བཀར་རོགས་སྐྱོར་བྱེད་པའི་ཐབས་ལམ་གསར་གཏོད་བྱས་པར་མ་ཟད། ད་དུང་ཞིང་ཕྱུགས་ཐོན་རྫས་ཁུངས་འདེད་མ་ལག་ཀྱང་བསྐྲུན་ཡོད། འོམ་ཆུ་གྲོང་རྡལ་ཤྭ་ར་ལབ་བཙས་ཕྱུགས་རའི་འབྲི་ཞོ་དང་། དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བའི་ལོག་དཀར་གྱི་སྣུམ་སོགས་ཁྱད་ལྡན་ཐོན་རྫས་རྣམས་འབྲེལ་ཡོད་ཚོང་ཁང་སོ་སོར་མཁོ་སྤྲོད་བྱས་ཡོད། འཛད་སྤྱོད་པས་རྩ་གཉིས་ཨང་རྟགས་བཤེར་འབེབས་བརྒྱུད་ནས་ནོར་ཤ་དང་བོད་ལུག་ཐོན་ཡུལ་གསོ་སྤེལ་དང་བཟོ་སྐྲུན་བརྒྱུད་རིམ་ཆ་ཚང་མཐོང་ཐུབ། ས་ཁོངས་སྤྱི་སྤྱོད་ཟོང་རྟགས་ཀྱི་ཡིད་རྟོན་ནུས་པ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བ་དང་། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་དང་ཧྲན་ཏུང་འཛད་སྤྱོད་པའི་བར་གྱི་འབྲེལ་བ་ཇེ་ཉེར་བཏང་ནས། སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་མཐོ་སྒང་གི་འབྱུང་ཁུངས་ནས་མི་སེར་དཀྱུས་མའི་རྒྱུན་གཏན་འཚོ་བའི་ཁྲོད་ཞུགས་པར་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རོང་འབྲོག་མང་ཚོགས་ལས་ཞུགས་བརྟན་པོ་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།