རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་དམ་པར་བཟུང་ནས་མཚོ་འགྲམ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་། ཐབས་ཇུས་མ་ལག་ཚང་བས་ལྗང་མདོག་བཅོས་སྐྱོང་གི་རི་མོ་གསར་པ་བྲིས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས་མཚོ་སྐོར་གྱི་དམིགས་བསལ་སྐྱེ་ཁམས་གནས་བབ་ལ་གཞིགས་ནས། རྐང་ཚ་རྫོང་ཁོར་ཡུག་གཙང་སྦྲ་གཅིག་བསྡུས་ཀྱིས་ལེགས་སྒྲིག་བྱེད་པའི་ལོ་གསུམ་བྱ་སྤྱོད་བཀོད་སྒྲིག་དམ་འཛིན་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་སྤང་བྱེ་མ་བཅས་གཅིག་གྱུར་གྱིས་སྲུང་སྐྱོབ་དང་དོ་དམ་རྒྱུན་འཁྱོངས་བྱས་པ་དང་། ཁོར་ཡུག་གཙང་བཟོ་དང་སྐྱེ་ཁམས་སླར་གསོ། དྲིལ་བསྒྲགས་ཁྲིད་སྟོན། ཡུན་རིང་བདག་སྐྱོང་བཅས་མཉམ་དུ་སྤེལ་ནས། ལག་ལེན་དངོས་བརྒྱུད་དེ་ས་གནས་རང་གི་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་ཕྲག་ཏུ་བླངས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་མི་འཚོ་སྡོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་ཕྱོགས་གཉིས་ཀར་ནུས་པ་འདོན་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོ་བྱང་ཕྱོགས་ཀྱི་སྔོ་ལྗང་གི་རི་ཆུ་དངོས་གནས་སྲུང་སྐྱོབ་བྱས།

ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲིའི་སྦྲེལ་ཐག་དམ་པོར་བསྡམས། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བཞག་འདི་ཡུལ་ཚོ་ཡོངས་ཀྱི་ལས་དོན་གཙོ་བོར་བཞག་ཅིང་། ཏང་སྲིད་མཉམ་འགན་འཁུར་པ་དང“གནས་གཅིག་འགན་གཉིས”ལག་བསྟར་བྱས་ཏེ། ཆེད་དོན་བཀོད་འདོམས་ཚོགས་འདུ་ཐེངས་མང་འཚོགས་ནས། ཡུལ་ཚོ་ལས་ཁུངས་ལས་བྱེད་པ་དང་སྡེ་བ་རིམ་པའི་ནགས་ཚལ་རྩྭ་སའི་བདག་སྐྱོང་མཁན། ཁོར་སྲུང་རུ་ཁག ཏང་ཡོན་དང་བླངས་པ་སོགས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ས་ཁུལ་བགོས་ནས་འབྲེལ་བ་འཛུགས་པ་དང་ས་ཁོངས་དབྱེ་ནས་ལས་ཀ་སྒྲུབ་པ། ལས་གནས་གཏན་འཁེལ་དང་འགན་འཁྲི་གསལ་པོ་ཡོད་པའི་དྲ་མིག་ཅན་གྱི་བདག་སྐྱོང་མ་ལག་བཙུགས་ཡོད། རྒྱལ་ལམ་གཙོ་བོ་དང་མཚོ་སྐོར་ལམ་ཐིག་གནས་སྐོར་མཛེས་ལྗོངས་ཁུལ། ཆུ་ཡུར་འབྲོག་པ་འདུས་སྡོད་བྱེད་ས་རྣམས་གཙོ་གནད་ཚོད་འཛིན་ཐོ་གཞུང་ནང་བཅུག་སྟེ། རིམ་པ་བཞིན་དུ་གནོན་ཤུགས་སྤྲོད་པ་དང་ལས་འགན་ཞིབ་ཕྲ་བགོ་བཤའ་བརྒྱབ་ནས། སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་ལས་གནས་དང་མི་སྒེར་སུ་སླེབས་པར་བྱས་ཏེ། ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་ཁྱབ་ཁོངས་མེད་པ་དང་འགན་འཁྲི་དོན་འཁྱོལ་སྟོང་ཆ་མེད་པར་མངོན་འགྱུར་བྱུང་། དུས་མཚུངས་སུ་དག་ཐེར་བདེ་འཇགས་གཉིས་ཀ་གལ་ཆེན་ཏུ་བརྩིས་ནས། ཁོར་ཡུག་བཅོས་སྐྱོང་བྱེད་སྐབས་ལས་ཡུལ་དངོས་ཀྱི་ལས་སྒྲུབ་མི་སྣ་དག་གི་འགོག་སྲུང་ཁག་ཐེག་ཤུགས་སྣོན་བརྒྱབ་པ་དང་། འགོག་སྲུང་དངོས་རྫས་ཆ་ཚང་བསྒྲིགས་ཤིང་དུས་རྒྱུན་རང་བཞིན་ལྡན་པའི་སྒོ་ནས་ཉེན་ཟོན་སློབ་གསོ་སྤེལ་བ་དེས་སྐྱེ་ཁམས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་བདེ་འཇགས་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཉིས་ཀ་ལག་ཏུ་བསྟར་ཐུབ་ཡོད།
དྲིལ་བསྒྲགས་ཁྲིད་སྟོན་གཏིང་ཟབ་ཏུ་སྤེལ་ནས་འཛུགས་སྐྲུན་མཉམ་བཅོས་མཉམ་སྤྱོད་ཐུབ། བསམ་བློ་སྣེ་ཁྲིད་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། དྲུག་ལྔ་ཁོར་ཡུག་ཉིན་མོ་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་ཟུང་འབྲེལ་བྱས་ཏེ། ཁྱིམ་དུ་སོང་ནས་སྒྲོག་འགྲེལ་དང་ཡུལ་དངོས་སྐུལ་སློང་བྱེད་སྟངས་སྣ་ཚོགས་སྤྱད་དེ། རོང་འབྲོག་མང་ཚོགས་ལ་ཁོར་སྲུང་ཤེས་བྱ་ཁྱབ་གདལ་བཏང་བ་དང་། མཚོ་སྐོར་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དོན་སྙིང་ཟབ་མོ་འགྲེལ་བཤད་བྱས་ཏེ། མང་ཚོགས་ལ་གད་སྙིགས་གང་འདོད་དུ་འཕེན་པ་དང་ཅ་ལག་ཟང་ཟིང་སྤུངས་འཇོག་བྱེད་པ་སོགས་གོམས་གཤིས་ངན་པ་དོར་རྒྱུར་སྐུལ་མ་བཏང་ནས། མང་ཚོགས་ཀྱི་བདག་པོའི་འདུ་ཤེས་སད་པར་བྱས། དེ་བཞིན་དུ་ཕར་འགྲོ་ཚུར་འོང་གི་མགྲོན་པོ་ཚོར་ཡ་རབས་ཚུལ་མཐུན་ངང་ལྟ་སྐོར་བྱེད་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་དང་། མཚོ་འགྲམ་སྤང་ཐང་ལ་གཅེས་སྤྲས་དང་གད་སྙིགས་གང་སར་འཕེན་མི་རུང་བའི་འབོད་སྐུལ་ཞུས་ཏེ། “ལས་བྱེད་པས་སྣེ་འཁྲིད་པ་དང་མང་ཚོགས་ཞུགས་པ། ཀུན་གྱིས་བྱས་རྗེས་འཇོག་པའི”སྐྱེ་ཁམས་སྲུང་སྐྱོབ་སྣང་ཚུལ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་འབྲོག་ཁུལ་མང་ཚོགས་ཀྱི་སེམས་གཏིང་དུ་རྩ་བ་ཚུགས་པར་བྱས།

མ་ལག་བཅོས་སྐྱོང་ལ་དམིགས་ནས་ས་ཁུལ་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས།ས་ཁུལ་ཡོངས་ལ་ཁྱབ་པ་དང་གནད་འགག་བརྒལ་གཏོར་ལ་དམིགས་ནས། ཁོངས་གཏོགས་ས་ཁུལ་གྱི་གཞུང་ལམ་རྒྱུད་དུ་འཐོར་བའི་གད་སྙིགས་དང་འགྱིག་རྫས་སྦགས་བཙོག གང་བྱུང་དུ་སྤུང་བ། འཕྲོད་བསྟེན་ཟུར་ཁུག་སོགས་གནད་དོན་མངོན་གསལ་ཅན་ལ་རྒྱུན་རྣམ་ཅན་གྱི་དྲ་འཐེན་ཞིབ་བཤེར་གཙང་སེལ་བྱས། རྒྱལ་ལམ315དང་མཚོ་སྐོར་ནུབ་ལམ། ལྷ་ཆབ་ཁུགས་ལྗོངས་ཁུལ། མྱུར་བགྲོད་གཞུང་ལམ་འཛུལ་སྒོ། སྡེ་བའི་ལམ། ཆུ་ཡུར་འདམ་རྫབ་སོགས་ས་ཚིགས་གལ་ཆེན་རིགས་སུ་ཁོར་ཡུག་གཙང་སྦྲ་གཅིག་བསྡུས་སྒོས་ལེགས་སྒྲིག་བྱེད་པའི་བྱ་འགུལ་ཐེངས་མང་པོ་རྩ་འཛུགས་བྱས་ཤིང་། “རྙེད་པ་རེ་ལ་གཙང་སེལ་རེ། ཨང་སུབ་རེ་དང་སྲ་བརྟན་རེ་གཏོང”ཞེས་པའི་ཚད་གཞི་ནན་མོར་བརྩི་སྲུང་བྱས་ཏེ། གད་སྙིགས་ཉིན་དེར་འཐུ་བ་ཉིན་དེར་ཐག་གཅོད་པ་དང་གནད་དོན་ཤེས་མ་ཐག་འཕྲལ་དུ་བསྒྱུར་བཅོས་ཐུབ་པར་བྱས། དཔྱིད་ཀའི་སྡོང་འཛུགས་དུས་ཚིགས་ལེགས་པོ་བེད་སྤྱད་དེ་དུས་མཚུངས་སུ་འོས་འགན་སྡོང་འཛུགས་ཀྱང་བྱས་ཏེ། ཡུལ་ཚོ་དང་སྡེ་བའི་སྐྱེ་ཁམས་ལྗང་སྒྱུར་ཐད་ཀྱི་ཞན་ཆ་གསབ་པ་དང་། ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་དང་རྒྱལ་ཁུངས་ལྗང་སྒྱུར་གོམ་སྟབས་གཅིག་མཐུན་ཡོང་བར་བྱས་ནས། སྡེ་བའི་རྣམ་པ་མཛེས་འགྱུར་དང་རྩྭ་ཐང་མཚོ་ངོགས་ཀྱི་རྣམ་པར་འགྱུར་བ་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་། བརྟག་དཔྱད་བརྒྱུད་རིམ་ཁྲོད་རྙེད་པའི་གཙང་སྦྲ་ཞན་པ་ཁག་ཅིག་ལ་གནད་དོན་རྩིས་ཁྲ་བཟོས་པ་དང་དག་ཐེར་བརྡ་ཐོ་བཀྲམ་ནས་དག་ཐེར་བསྐྱར་ཞིབ་བྱས་ཤིང་། དོན་ཚན་རེ་རེ་བཞིན་དག་ཐེར་གྲུབ་འབྲས་ལ་དཔྱད་བསྡུར་ནན་མོ་བྱས་ཏེ། ཁོར་ཡུག་གཙང་སྦྲའི་གནད་དོན་ཡང་བསྐྱར་འབྱུང་བ་སྔོན་འགོག་མཐའ་གཅིག་ཏུ་བྱས།

ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལྗང་མདོག་བཅོས་སྐྱོང་རྨང་གཞི་བརྟན་པོར་བཏིང་།སྐྱེ་ཁམས་སྲུང་སྐྱོབ་ནི་དུས་ཡུན་ཐུང་ངུའི་ནང་འགྲུབ་དཀའ་བའི་བྱ་གཞག་ཅིག་ཡིན་སྟབས། མཚོ་འཁྱིལ་ཡུལ་ཚོས་དུས་རིམ་རང་བཞིན་གྱི་གཅིག་བསྡུས་ལེགས་སྒྲིག་དེ་རྒྱུན་ལྡན་བདག་སྐྱོང་དུ་བསྒྱུར་བ་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། ནམ་རྒྱུན་སྐོར་གཡེང་དང་རྒྱུན་དུ་གད་བདར་བྱེད་པ། རེས་མོས་ཞིབ་བཤེར་བཅས་ཀྱི་བདག་སྐྱོང་ལམ་ལུགས་མུ་མཐུད་དུ་འཐུས་སྒོ་ཚང་བར་བཏང་སྟེ། སྡེ་བ་རིམ་པའི་གཙང་སྦྲ་དང་ནགས་ཚལ་རྩྭ་སའི་དྲ་བ་ཅན་གྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། གཞོ་གནད་ས་ཆར་རྒྱུན་མཐུད་སྐོར་སྐྱོད་གཙང་སྦྲ་དང་ཉེན་ཁ་འཚོལ་ཞིབ་བྱས། ཡུལ་ཚོ་ཡོངས་སུ་ཁོར་ཡུག་གཙང་སྤྲར་ཞུགས་མཁན་ཚན་རིག་དང་མཐུན་པར་དབྱེ་བ་ཕྱེ་ནས་ལས་དོན་ཚོགས་ཆུང10བཙུགས་པ་དང་། ས་ཁུལ་བགོས་ནས་འབྲེལ་བ་འཛུགས་པ་དང་ས་ཁོངས་དབྱེ་ནས་ལས་ཀ་སྒྲུབ་པ། ལས་གནས་གཏན་འཁེལ་དང་འགན་འཁྲི་གསལ་པོ་ཡོད་པའི་དྲ་མིག་ཅན་གྱི་དོ་དམ་དཔེ་དབྱིབས་ནན་ཏན་གྱིས་ལག་བསྟར་བྱས།
མཚོ་འཁྱིལ་ཡུལ་ཚོས་མུ་མཐུད་དུ“ལྗང་མདོག་བཅོས་སྐྱོང”ཟབ་སྤེལ་བྱས་ཏེ། ལྗང་མདོག་ཅེས་པ་མདོག་བཞིའི་ཁྱིམ་གཞིས་བཅོས་སྐྱོང་མ་ལག་ཁྲོད་འོད་མདངས་འཚེར་བའི་རང་མདངས་སུ་འགྱུར་པ་དང་། མཚོ་སྔོན་པོ་བྱང་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆབ་སྲིད་འགན་འཁྲི་ཁུར་ལེན་བྱས་ཏེ། མི་འཚོ་སྡོད་ཀྱི་ཁོར་ཡུག་སྤུས་ཀ་ཇེ་མཐོ་དང་། རྩྭ་ཐང་དང་མཚོ་མོ། གཙང་བོ་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་ལྗང་སྒྱུར་གསོ་སྐྱོང་བཅས་མཉམ་དུ་འཆར་འགོད་བྱས་ནས། བཅོས་སྐྱོང་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་འཇགས་སུ་གཏོང་བ་དང་། སྐྱེ་ཁམས་བཅོས་སྐྱོང་ལ་ཡུན་རིང་འབད་བརྩོན་བྱས་ཏེ། རི་ཆུ་གཙང་ལ་གྲོང་སྡེ་མཛེས། གནས་འཕྲོད་ལས་འཚམ་གྱི“ལྗང་མདོག་བཅོས་སྐྱོང”གི་མཚོ་འཁྱིལ་རི་མོ་ལེགས་པོ་ཞིག་བྲིས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་ངེས་ཡིན།