མཚོ་བྱང་རྐང་ཚས་མཐོ་སྒང་འབྲོག་ཁུལ་གྱི་གཞི་རིམ་བདེ་ཐང་ཞབས་ཞུའི“མ་དཔེ”སྐྲུན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་ནི་ཞིང་ཆེན་རིམ་པའི་གཞི་རིམ་འཕྲོད་བསྟེན་ཕྱོགས་བསྡུས་ཚོད་ལྟ་བྱེད་གནས་ཡིན་པའི་ཆ་ནས། མཐོ་སྒང་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ནས། འབྲེལ་ཟབ་རིང་བཞིན་གྱི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་དེ་དམ་འཛིན་བྱས་ཤིང་། ནོར་སྲིད་འགན་སྲུང་དང་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུ་མཉམ་འདྲེས་སོགས་ཀྱི་ཐད་ལ་མཉམ་དུ་ཤུགས་བརྒྱབ་སྟེ། རྐང་ཚའི་ཁྱད་ཆོས་ལྡན་པའི་མཐོ་སྒང་འབྲོག་ཁུལ་གྱི་གཞི་རིམ་བདེ་ཐང་ཞབས་ཞུའི་མ་ལག་ཅིག་བསྐྲུན།
རྐང་ཚ་རྫོང་གི་རྫོང་དཔོན་གྱིས་སྣེ་ཁྲིད་ནས་བཅོས་སྒྱུར་སྐུལ་འདེད་བཏང་ཞིང་། རང་གྲབས་མ་དངུལ་སྒོར་ཁྲི2000སྤྱད་དེ་ཐེངས་གཉིས་ལ་དམངས་ཡོངས་རིན་མེད་བརྟག་དཔྱད་བྱས་པ་བརྒྱུད་རྒྱུན་མཐོང་ནད་ཕོག་ཚད10%ཙམ་མར་ཆག་པ་མངོན་འགྱུར་བྱུང་ཡོད། ལོ་རེར་ད་དུང་རང་གྲབས་མ་དངུལ་སྒོར་ཁྲི520ལྷག་བཀོད་སྒྲིག་བྱས་ཏེ་སློབ་ཆེན་སྨན་པའི་གླ་ཕོགས་ཁག་ཐེག་དང་། སྒོར་ཁྲི280བཀོལ་ནས་གནས་སྐབས་གདན་ཞུས་མི་སྣ103གྱི་གླ་ཕོགས་ཁག་ཐེག་བྱས་ཡོད་ཅིང་། འབྲེལ་ཡོད་ཁ་གསབ་ཡང་དོན་འཁྱོལ་བྱས་ཡོད། འདས་ཟིན་པའི་ལོ་ངོ་གསུམ་ནང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི7624བཏང་སྟེ་ལས་སྒོ་སྒྲུབ་ཁང་གསར་སྐྲུན་དང་། ཧྲན་ཏུང་རོགས་སྐྱོར་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་བྱས་པས་ལས་སྒོ་སྒྲུབ་ཁང་དང་གནས་སྐབས་སྡོད་ཁང་ཡོངས་སུ་ཁྱབ་ཐུབ་ཡོད།
རྫོང་འདིས“རྫོང་རིམ་པ་སྣེ་ཁྲིད་དང་ཡུལ་ཚོ་རིམ་པར་ཁེབས་པ། སྡེ་བ་རིམ་པར་རྒྱ་བསྐྱེད”བཅས་རིམ་པ་གསུམ་གྱི་ཀྲུང(བོད)སྨན་སྨན་རྫས་ཞབས་ཞུའི་དྲ་བ་བཙུགས་ཡོད། རྫོང་བོད་སྨན་ཁང་གིས་ལུམས་བཅོས་ཆེད་ལས་སྟོབས་ཆེར་གཏོང་བ་དང་སྨན་ཁང་གསར་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ལ། ཡུལ་ཚོ་རིམ་པར་བོད་སྨན་ཁྱད་ལྡན་ཆེད་ཚན་འཕེལ་རྒྱས་སུ་བཏང་བ་དང་། སྡེ་བ་རིམ་པའི་ས་ཚིགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ་བོད་ཀྱི་གསོ་རིག་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། མིག་སྔར་རྫོང་ཡོངས་ཀྱི་བོད་སྨན་སྨན་རྫས་ཀྱིས་སྤྱིའི་སྨན་བཅོས་བྱེད་ཚད་ཀྱི35%ཡན་ཟིན་པ་དང་། དེའི་ཁྲོད་རྫས་འགྱུར་མིན་པའི་སྨན་བཅོས་བྱེད་ཐབས་ཀྱིས10%ལས་བརྒལ་ཡོད། ད་ལོར་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་སྨན་སྨན་རྫས་སྨན་བཅོས་མི་ཐེངས་ཁྲི1.35ཟིན་པ་དེས་གཞི་རིམ་སྨན་བཅོས་སྤྱི་འབོར་གྱི47.36%བཟུང་ཡོད་ཅིང་། གཞི་རིམ་གྱི་ཀྲུང(བོད)སྨན་སྨན་རྫས་ཞབས་ཞུ་ཁྱབ་ཚད100%སླེབས་ཡོད།
འབྲོག་པ་མང་ཚོགས་སྡོད་ཡུལ་ཁ་ཐོར་ཡིན་པར་དམིགས་ནས། རྐང་ཚ་རྫོང་གིས་ཁྱིམ་ཚང་སྨན་པ་མཉམ་འདུས་ཀྱི་རུ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ། ཁྱད་ཆོས་ལྡན་པའི་གན་རྒྱ་འཇོག་སྟངས་རྣམ་གྲངས9བཏོན་པ་དང་། གན་རྒྱ་བཞག་ཚད་བརྟན་འཇགས་ངང་མཐོ་རུ་ཕྱིན་ཡོད། སྤྱི་པའི་ལས་ཁུངས་དོ་དམ་གཅིག་གྱུར་འཆར་འགོད་བྱས་ཏེ། “གཙང་གསུམ་བཅོས་གསུམ་མཐོར་འདེགས་གསུམ”ཞེས་པའི་བྱ་སྤྱོད་ལག་བསྟར་བྱས་པ་དང་། རྒན་རྒོན་རྣམས་ལ་ལུས་ཁམས་བདེ་སྲུང་བྱ་བ་ལེགས་པར་བསྒྲུབས་ཤིང་། གཅོང་ནད་ཕོག་མཁན་ཚོར་དབྱེ་བ་ཕྱེ་ནས་དོ་དམ་བྱེད་སྟངས་ལག་ལེན་བསྟར་བར་མ་ཟད། དུས་ཡུན་ཉིན12རིང་ནད་གཞི་དལ་གཤིས་ཅན་སྐོར་གྱི་སྨན་ཐོ་འབྲི་སྲོལ་ཁྱབ་སྤེལ་བྱས། དུས་མཚུངས་སུ་ཐབས་ལམ་སྣ་མང་བརྒྱུད་དེ་བདེ་ཐང་སློབ་གསོ་དང་སེམས་ཁམས་ཐེ་གཏོགས་སྤེལ་བར་ཤུགས་སྣོན་བརྒྱབ་སྟེ། འཕྲོད་བསྟེན་ལས་དོན་དེ“གསོ་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི”ཕྱོགས་སུ་འགྱུར་ཡོད།
རྫོང་འདིས་སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་བོད་སྨན་ཁང་གི་སྨན་བཅོས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སྡེ་ཁག་གིས་སྨན་ཁང་སྐྱོང་རོགས་བྱེད་པའི”ལམ་སྲོལ་དོན་འཁྱོལ་བྱས་ལ། ད་ལོར་རྐང་འཛིན་པ30མངགས་གཏོང་བྱས་ཟིན། སྙིང་རྩ་འགག་པའི་མྱུར་སྐྱོབ་ལྟེ་གནས་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཐོབ་པ་དང་། མཐོ་སྒང་རང་བཞིན་གྱི་ནད་ཡམས་འགོག་བཅོས་བྱེད་ས་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཐོབ། གོང་འོག་ཕན་ཚུན་སྤོ་སྒྱུར་བགྲོད་ལམ་ཤར་གཏོང་ཐུབ་པས་ནད་གཞི་དལ་ནད་ཚད་ལྡན་སྒོས་དོ་དམ་བྱེད་ཚད90%ལ་སླེབས། གྲངས་འཛིན་སྨན་བཅོས་ཡར་རྒྱས་ཕྱིན་པ་དང་བསྟུན་ནས། “གཞི་རིམ་ནས་བརྟག་དཔྱད་དང་གོང་རིམ་གྱིས་ངོས་འཛིན་གཏན་འཁེལ་བྱེད་པའི”རྣམ་པ་དར་སྤེལ་བཏང་སྟེ། ད་ལོར་རྒྱང་ཁྲིད་བརྟག་དཔྱོད་མི་ཐེངས2100ལྷག་ཟིན་པ་དང་། རྫོང་ཁོངས་ནང་ཁུལ་གྱི་བརྟག་དཔྱད་འབྲས་བུ་ཕན་ཚུན་ཁས་ལེན་ཆོག་པར་བྱས།