མཐའ་ཐིག་སྲུང་བ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། དམངས་སེམས་དྲོ་བར་བྱེད་པ།——རྐང་ཚ་རྫོང་དམངས་སྲིད་ཅུས་དབང་བོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་དམངས་སྲིད་ལས་ཁུངས་ཀྱིས“དམངས་སྲིད་དམངས་དོན་དང་། དམངས་སྲིད་དམངས་ལ་བྱམས”ཞེས་པའི་བྱ་བའི་འདུ་ཤེས་དམ་པོར་བཟུང་སྟེ། དབང་བོ་སྐྱོན་ཅན་རྣམས་ཀྱི་དཀའ་ངལ་ཆེ་སར་དམིགས་ནས“མཐའ་ཐིག་སྲུང་བ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། དམངས་སེམས་དྲོ་བར་བྱེད་པ”བཅས་གཙོ་གནད་དུ་བྱས་ཏེ་རོགས་སྐྱོར་ལས་དོན་ཁག་དོན་འཁྱོལ་ཡོང་རྒྱུར་འབད་བརྩོན་ཆེན་པོ་བྱས་པར་མ་ཟད། དྲོད་ཚད་དང་ཟབ་ཚད་ཡོད་པའི་འཚོ་བའི་རི་མོ་ཞིག་འབད་པས་བྲིས་ཏེ། དབང་བོ་སྐྱོན་ཅན་ཚོའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
“མཐའ་ཐིག་སྲུང་བར”དམིགས་ནས་སྤྱི་ཚོགས་འགན་སྲུང་གི་དྲ་བ་བརྟན་པོར་བཟོས། དབང་བོ་སྐྱོན་ཅན་གྱི“ཁ་གསབ་རིགས་གཉིས”རྒྱུན་རྣམ་ཅན་གྱིས་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམངས་སྲིད་དང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་བར་གྱི་གཞི་གྲངས་མཉམ་སྤྱོད་བསྡུར་བཤེར་བྱ་རྒྱུ་ཤུགས་སྣོན་རྒྱག་པ། ཡུལ་ཚོ་དང་གྲོང་རྡལ། སྡེ་བ(སྡེ་ཁུལ)ལ་བརྟེན་ནས་དུད་ཁྱིམ་དུ་སོང་ནས་ལྟ་ཞིབ་མཐིལ་རྟོགས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ཆ་འཕྲིན་དུས་ཐོག་ཏུ་གསར་སྒྱུར་ཡག་པོ་བྱེད་པ་དང་། ཁ་གསབ་རེ་ཞུ་དང་ཞིབ་བཤེར། སྤྲོད་འབུལ། ཕྱིར་འཐེན་སོགས་བརྒྱུད་རིམ་ཧྲིལ་བོར་དོ་དམ་ནན་པོ་བྱས་ནས་ནོར་འཁྲུལ་གྱིས་སྤྲོད་པ་དང་ཆད་ལུས་ཤོར་བ། ནར་འགྱངས་བྱེད་པ་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱས། དེ་བཞིན་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་སྐྱོང་རོགས་དངུལ་དང་དབང་བོ་སྐྱོན་ཚབས་ཆེན་པོའི་བདག་སྐྱོང་ཞབས་ཞུའི་ཁ་གསབ་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཤིང་། སྲུང་དགོས་ཚད་བསྲུང་བ་དང་དོར་དགོས་ཚད་འདོར་བ་རྒྱུན་འཁྱོངས་བྱས་ཏེ་མ་དངུལ་འདང་ངེས་དུས་ཐོག་ཏུ་སྤྲད་ཅིང་། ད་ལྟའི་བར་དུ། རྫོང་ཡོངས་སུ་རིམ་རྩིས་བྱས་ན་དབང་བོ་སྐྱོན་ཅན་གྱི“ཁ་གསབ་རིགས་གཉིས”མི6282སྤྲད་པ་དེར་ཁྱོན་བསྡོམས་སྒོར་ཁྲི105.588ཟིན་པས། དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་གནས་སྟངས་ཇེ་ལེགས་སུ་ཕྱིན་ཡོད།
“ཞབས་ཞུ་ལེགས་སུ་གཏོང་རྒྱུར”དམིགས་ནས་སེམས་ཁུར་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་། དབང་བོ་སྐྱོན་ཅན་གྱི་སྣ་མང་དགོས་མཁོ་སྐོང་ཆེད། རྫོང་དམངས་སྲིད་ཅུས་ཞབས་ཞུ་མཁོ་སྤྲོད་བྱེད་སྟངས་གསར་གཏོད་བྱས་ཏེ། དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཞབས་ཞུ་དེ“རྨང་གཞིའི་འགན་སྲུང”ནས“སྤུས་དག་འཚོ་བའི”ཕྱོགས་སུ་བསྒྱུར། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་ཐབས་སྤྱད་དེ་ཆེད་ལས་སྟོབས་ཤུགས་དྲངས་ནས་སེམས་ཁམས་མི་བདེ་བའི་ནད་པ་སྨན་ཁང་ཕྱི་རོལ་དུ་བདེ་ཐང་སླར་གསོའི་ཞབས་ཞུ་སྤེལ་བ་དང་། ལས་བྱེད་མི་སྣས“ཁྱིམ་ལ་སོང་ནས་ཁ་བརྡ་བྱེད་པ་དང་ཁ་པར་ལམ་ནས་འཚམས་འདྲི་བྱེད་པའི”ཐབས་ལམ་བརྒྱུད་ནས་ཞིབ་དཔྱོད་བྱས་ཤིང་། ནད་པའི་གནས་ཚུལ་ཞིབ་ཕྲ་དྲིས་པ་དང་ཆབས་ཅིག“སེམས་ཁམས་བདེ་ཐང་མཉམ་འདྲེས་བྱ་སྤྱོད”སྐོར་གྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་ལ་གཞིགས་ནས་ཐབས་ཇུས་སྣ་མང་བཏོན་ནས་མི་སྒེར་སོ་སོར་འཚམ་པའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། སྨན་བཅོས་ཁམས་གསོ་ཟུང་འབྲེལ་དང་། ལྔ་ལྔ་དུས་ཆེན་བརྗོད་དོན་ཡིན་པའི་བདེ་ཐང་སླར་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་སེམས་ཁམས་མི་བདེ་བའི་ནད་གཞི་དྲག་སྐྱེད་བྱུང་བ་རྣམས་དུས་རྒྱུན་གྱི་འཚོ་བའི་ཁྲོད་བདེ་བླག་ངང་ཞུགས་ཐུབ་པར་རམ་འདེགས་བྱས་པ་དང་། དབང་བོ་སྐྱོན་ཅན་ལ་རང་བཀུར་རང་རྟོན་དང་རྗེས་དཔག་ཞི་དུལ། ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་བློ་སྐྱེད་སྲིང་བྱས་ཡོད། ནད་པ་དང་ཁྱིམ་མི་ཚང་མར་སེམས་ཁམས་སློབ་གསོ་བརྒྱབ་པ་དང་། ནད་གཡོག་བྱེད་མཁན་ཁྱིམ་ཚང་ལ་ཉིན་རེར་ནད་པའི་གཟུགས་གཞི་དང་སེམས་ཁམས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པར་མ་ཟད། ཁོང་ཚོར་སྙིང་སྟོབས་བསྐྱེད་དེ་འཚོ་བའི་དཀའ་སྡུག་ལ་གདོང་ལེན་ཧུར་སེམས་བསྐྱེད་དགོས་པའི་སྐུལ་མ་ཡང་བཏང་ཞིང་། ནད་པ་རྣམས་ལ་ལུགས་མཐུན་གྱི་འབྲེལ་འདྲིས་ལྟ་བ་འཛུགས་རོགས་བྱས་ཏེ་རང་རྟོན་དང་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་བཏང་ཡོད། ད་ལྟའི་བར་དུ། “སེམས་ཁམས་བདེ་ཐང་མཉམ་འདྲེས་བྱ་སྤྱོད”དེས་མི་གྲངས260ལྷག་ལ་ཞབས་ཞུ་བསྒྲུབས་པ་དང་ཁ་པར་བསྐྱར་འདྲི་ཐེངས110ལྷག་ཙམ་བྱས་ཡོད།
“དམངས་སེམས་དྲོས་པར”དམིགས་ནས་བློ་སེམས་རྩེ་གཅིག་གིས་དམངས་ཚིས་ལ་དྲོད་ཁོལ་སྦྱིན། ཐོག་མཐའ་བར་གསུམ་དུ་དབང་བོ་སྐྱོན་ཅན་གྱི་བདེ་སྡུག་ཡིད་ལ་བཅངས་ནས“མང་ཙམ་བསྒྲུབས་པའི”བསམ་པ་བཟང་པོ་དང“གནད་སྨིན་གཏིག་འདྲེན”གྱི་ཐུགས་ཁུར་ཟོལ་མེད་ལ་བརྟེན་ནས་དབང་བོ་སྐྱོན་ཅན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་གྱི་བློ་ཉེའི་མི་བྱེད་ཀྱིན་ཡོད། རྒྱལ་ཡོངས་དབང་བོ་སྐྱོན་ཅན་རོགས་སྐྱོར་ཉིན་མོ་ལྟ་བུར་བསྟུན་ནས་ལས་བཟོ་བའི་རིག་གནས་ཐང་ཆེན་དུ་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་དྲིལ་སྒྲོག་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། མང་ཚོགས་ལ་དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་དང་འཕྲེད་བྱང་འགེལ་བ། གཤོམ་པང་དང་བློ་འདྲི་སྟེགས་བུ་བཀོད་སྒྲིག་བྱས་པ། དྲི་བ་དྲིས་ལན་འདེབས་པ་སོགས་ཀྱི་ལམ་ནས་དབང་བོ་སྐྱོན་ཅན་སྲུང་སྐྱོང་བཅའ་ཁྲིམས་དང་དབང་བོ་སྐྱོན་ཅན་གྱི“ཁ་གསབ་རིགས་གཉིས”ཀྱི་སྲིད་ཇུས། དེ་མིན་སྤྱི་ཚོགས་རོགས་སྐྱོབ་ལ་སོགས་པའི་དབང་བོ་སྐྱོན་ཅན་ལ་ཕན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མང་པོ་སྒྲོག་འགྲེལ་བྱས། དུས་མཚུངས་སུ། མང་ཚོགས་ཀྱིས་བཏོན་པའི་དོགས་གནད་རེ་རེ་སེལ་ནས་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པའི་ཆ་རྐྱེན་དང་ཚད་གཞི་སྙན་ཞུ་འབུལ་སྟངས། ཞིབ་དཔྱད་གོ་རིམ་བཅས་གསལ་བཤད་ཁ་གསལ་བྱས་པས་མང་ཚོགས་ཀྱིས་གོ་བདེ་བ་དང་བེད་སྤྱོད་ལེགས་པོ་འཁྱོངས་ཐུབ་ཡོད་ལ། རེ་འདུན་ཞུ་བ་དང་རོགས་སྐྱོར་འཚོལ་བའི་ལམ་བུ་སྔར་ལས་རྒྱ་ཆེར་ཕྱེས་ཏེ་དམངས་ཡོངས་ཀྱིས་དམངས་སྲིད་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་བྱེད་ཚད་ཆེས་ཆེར་འཕར་སྣོན་བྱུང་ཡོད། ཐེངས་འདིའི་སྲིད་ཇུས་སྒྲོག་འགྲེལ་དེབ་ཆུང150ལྷག་བཀྲམས་པས་མང་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ཕན་བདེ་སྲིད་ཇུས་ཐད་རྒྱུས་ལོན་སྔར་བས་ཟབ་མོ་ཐོབ་པ་དང་། མི་དམངས་ལ་ཕན་པ་དང་སྟབས་བདེ་བསྐྲུན་པའི་སྲིད་ཇུས་དེ་བས་མང་བ་མི་རིགས་ཁག་གི་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ནས་དཀའ་ངལ་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་འཐོབ་ཆེད་འགྲོ་ལམ་ཡངས་པོ་བཏོད་པས་དམངས་སྲིད་རོགས་སྐྱོར་སྲིད་ཇུས་ལ་ངོས་འཛིན་ཐོབ་ཚད་ཇེ་མཐོར་སོང་ཡོད།
རྐང་ཚ་རྫོང་དམངས་སྲིད་ཅུས་མུ་མཐུད་དུ་དབང་བོ་སྐྱོན་ཅན་གྱི་མཐའ་ཐིག་འགན་སྲུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཁ་གསབ་མ་དངུལ་དོ་དམ་ཚད་ལྡན་བཟོ་བ། ལས་ཀའི་ཞན་ཆ་ཁ་གསབ་བཅས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་ཆུ་ཚད་ཞིབ་ཚགས་ཅན་དུ་འགྱུར་བ་མུ་མཐུད་འབད་པ་བྱས་ཏེ་དམངས་སྲིད་ཁྱབ་ཁོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཕན་བདེ་ལས་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན།