མཚོ་སྔོན་གྱིས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་པ།
发布时间:2023年02月14日 消息来源:

ཟླ2པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། ཞིང་ཆེན་ཡོངས་ནས་སྐོང་འཐེན་བྱས་པའི་ལས་བྱེད་པ་ཁྲི1.3ལྷག་གཅིག་རྗེས་གཉིས་མཐུད་དུ་སྡེ་བར་བསྐྱོད། ཟླ་ངོ་གཅིག་གི་རིང་ལ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་སྒྲོལ་འགྲེལ་བྱེད་པ་དང་། མང་ཚོགས་ཀྱི་ཆེས་སེམས་ཁུར་དང་། ཆེས་ཐད་ཀར། ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ཐག་གིས་བཅད་དེ་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་རྒྱུ་རེད།

ད་ལོའི་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་གྱི་བརྗོད་དོན་ནི“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས་དང་ཡར་སྐུལ་གསུམ”(སྲིད་ཇུས་སྒྲོག་འགྲེལ། འཕར་བ་བརྟན་བརླིང་དང་ལས་ཞུགས་བརྟན་བརླིང་། ཞབས་ཞུར་ཡར་སྐུལ་དང་ཐོན་སྐྱེད་ལ་ཡར་སྐུལ། དར་སྤེལ་ལ་ཡར་སྐུལ)རེད། སྲིད་ཇུས་སྒྲོག་འགྲེལ་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སོགས་སྒྲོག་འགྲེལ་བྱེད་རྒྱུ་རེད། ལྷག་པར་དུ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གཞིས་ཆགས་ལས་བརྩོན་ལ་འཚམ་པའི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པ། ཞིང་པའི་ཡོང་སྒོ་འཕར་བར་སྐུལ་འདེད་བྱེད་པ། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་སུ་འཇུག་པ། རོང་འབྲོག་ཁུལ་གྱི་རིམས་འགོག་སོགས་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་ཇི་མ་ཇི་བཞིན་དུ་སྡེ་བ་དང་ཧྲེ་རུ་དྲིལ་སྒྲོག་བྱེད་རྒྱུ་རེད། འཕར་བ་བརྟན་བརླིང་དུ་གཏོང་བའི་ཕྱོགས་ནས་སྡེ་བ་དང་ཧྲེ་ལ་རོགས་རམ་བྱས་ཏེ་ས་རྒོད་བེད་དུ་སྤྱོད་པ་དང་། “འབྲུ་རིགས་མི་འདེབས་པ”དང“ཞིང་ལས་མི་གཉེར་བ”དག་ཐེར་བཅོས་སྐྱོང་བྱས་ཏེ། སྡེ་བ་ཐུན་མོང་གི་དཔལ་འབྱོར་དེ་སྔར་བས་རྒྱུག་པོ་ཡིན་པའི་སྡེ་བ་ཐུན་མོང་གི“མ་རྩ་གསུམ”དུ་རྩ་འཛུགས་བྱེད་རྒྱུ་རེད། ལས་ཞུགས་བརྟན་བརླིང་དུ་གཏོང་བའི་ཕྱོགས་ནས་རོང་འབྲོག་པའི་ལས་ཞུགས་དང་ལས་ཤོར། ཡུལ་དུ་ལོག་མཁན། ཕྱི་རུ་ཞོར་ལས་གཉེར་བ་བཅས་ཀྱི་གནས་ཚུལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཏེ། ཕྱི་རུ་ཞོར་ལས་གཉེར་བའི་སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལྟ་བ་འགྱུར་བར་སྣེ་ཁྲིད་བྱེད་རྒྱུ་རེད། ཞབས་ཞུར་ཡར་སྐུལ་བྱེད་པའི་ཕྱོགས་ནས་རོང་འབྲོག་པའི་དགོས་མཁོ་གསར་པ་རྒྱུས་ལོན་བྱེད་པ་དང་རོགས་སྐྱོར་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་དང་ཞིང་ཕྱུགས་ལས་ལ་ཕན་པའི་དོན་དངོས་སྣ་ཚོགས་བསྒྲུབས་ནས་མང་ཚོགས་ཀྱི་སེམས་ཚེགས་དང་དཀའ་སྡུག་བསལ་རྒྱུ་རེད། ཐོན་སྐྱེད་ལ་ཡར་སྐུལ་བྱེད་པའི་ཕྱོགས་ནས་དཔྱིད་འདེབས་ཀྱི་གྲ་སྒྲིག་ལ་རོགས་རམ་བྱེད་པ་དང་གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་ལ་རོགས་རམ་བྱེད་རྒྱུ་རེད། དར་སྤེལ་ལ་ཡར་སྐུལ་བྱེད་པའི་ཕྱོགས་ནས་སྡེ་བ་དང་ཧྲེ་རུ་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་སོགས་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་དངོས་འབེབས་ཡོང་བར་རོགས་རམ་བྱས་ཏེ། རོང་འབྲོག་མང་ཚོགས་གྲོང་གསེབ་དར་སྤེལ་དུ་ཞུགས་པའི་ཡིད་ཆེས་དང་ཆོད་སེམས་མཐོར་འདེགས་གཏོང་རྒྱུ་རེད།

གཞི་རིམ་དུ་སྐྱོད་པའི་བྱ་འགུལ་ལ་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་མཐུན་སྦྱོར་ཚན་ཆུང་བཙུགས་ཏེ་འབྲེལ་ཡོད་ཀྱི་བྱ་བར་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་བཞིན་ཡོད། ལྟ་ཞིབ་ཚན་ཆུང8བཙུགས་ཏེ། ས་ཁུལ་བགོས་ནས་ཞིང་ཆེན་ཡོངས་སུ་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་གྱི་གནས་ཚུལ་མངོན་ལྐོག་གཉིས་ཀྱི་ལམ་ནས་རྩད་གཅོད་བྱེད་པ་དང་ངོས་ཐོག་ནས་ཞིབ་བཤེར་བྱེད་རྒྱུ་རེད། བྱ་འགུལ་གྱིས་བླང་བྱ་བཏོན་དོན། གཙོ་གནད་སྡེ་བར་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་ནི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གཙོ་བོ་བྱས་པ་ལས། མི་གཞན་པ་སྐོང་འཐེན་མི་བྱེད། སྡེ་སྡོད་ལས་བྱེད་པ་མ་ཐོན་པའི་སྡེ་བ་ཚང་མར་སྡེ་བ་རེར་སྡེ་སྡོད་ལས་བྱེད་པ2ནས3ཐེམས་སུ་འཇུག་དགོས། གཞི་རིམ་དུ་ཐོན་པའི་ལས་བྱེད་པས་གསར་སྐྲུན་གྱི་སྒྲོག་འགྲེལ་བྱེད་ཐབས་སྤྱད་ནས། སྡེ་བར་ཐོན་ཐུབ་པ་དང་སྡོད་ཐུབ་པ། གསལ་པོ་འགྲེལ་ཐུབ་པར་བྱེད་པ་དང་། བརྩེ་བའི་ཐད་ནས་མང་ཚོགས་དང་ཉེ་བར་བཅར་བ་དང་འཚོ་བའི་ཐད་ནས་མང་ཚོགས་ལ་སེམས་ཁུར་བྱེད་པ། བྱ་བའི་ཐད་ནས་དོན་དངོས་དང་ཉེ་བར་བཅར་ཏེ། རོང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་འདུག་མཉམ་ལས་བྱེད་པ་ལས། དམིགས་བསལ་ཅན་མི་བྱེད་པ་དང་། གཞི་རིམ་ལ་དཀའ་ལས་མི་གཏོད་པ་དང་ཁུར་བོ་མི་སྣོན་པར་ལུས་པོ་མང་ཚོགས་དང་ཉེ་བར་བཅར་བ་དང་སེམས་པ་མང་ཚོགས་དང་མཐུན་པ། བརྩེ་བ་མང་ཚོགས་དང་འདྲེས་བ་བཅས་བྱེད་དགོས། །