མཚོ་བྱང་གི་ས་ཁོངས་མང་ཤོས་རང་བྱུང་སྲུང་སྐྱོབ་ས་ཁོངས་སུ་བླངས།
མཚོ་བྱང་གི་ས་ཁོངས་མང་ཤོས་རང་བྱུང་སྲུང་སྐྱོབ་ས་ཁོངས་སུ་བླངས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
ཉེ་ཆར། མཚོ་སྔོན་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་སྐོར་གྱི་བྱ་བའི་གྲོས་ཚོགས་འཚོགས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ་དང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དམ་དམ་ཅུ། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོའི་མཐུན་ཚོགས་ལ་སོགས་ལས་ཁུངས་ཀྱི་འཐུས་མི་རྣམས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད་སྤེལ།
རྒྱུས་ལོན་པ་ལྟར་ན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུ་བཅས་ཀྱིས་མཚོ་བྱང་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་དཔེ་སྟོན་ཁུལ་མཉམ་དུ་བསྐྲུན་པའི་རིང་ལ། མཚོ་བྱང་ཁུལ་གྱི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་རིགས་གྲས་དང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་ལམ་ལུགས་དང་སྒྲིག་སྲོལ། རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་རྨང་གཞི་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སོགས་ཕྱོགས་སུ་ཕན་འབྲས་མངོན་གསལ་བླངས་ཡོད།
རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཛུགས་སྐྲུན་གྱི་ཕྱོགས་ནས། མཚོ་བྱང་ཁུལ་གྱིས་ཐོག་མར་རིགས་སྣ་མང་པོའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ17བཙུགས་ཤིང་། ཁུལ་ཡོངས་ཀྱི་རྒྱལ་ཁོངས་ས་ཞིང་གི55%སྲུང་སྐྱོབ་ས་ཁོངས་སུ་བླངས་ཡོད་དེ། ཧ་ལམ་བར་དམ་ཆུའི་འབབ་རྒྱུད་དང་། ཧྲི་གཡང་ཆུའི་འབབ་རྒྱུད། འཇུ་ལག་ཆུའི་འབབ་རྒྱུད། མཚོ་སྔོན་པོ་འབབ་རྒྱུད་སོགས་སྐྱེ་ཁམས་ས་ཁོངས་གལ་ཆེན་གྱི་ནགས་ཚལ་དང་རྩྭ་ས། བརླན་ས། བྱེ་ཀླུང་སོགས་རང་བྱུང་མཛེས་ལྗོངས་ཀྱི་སྐྱེ་ཁམས་མ་ལག་རིགས་དང་། གསའ་དང་དགོ་དམར། རི་ཞུམ། ཁྲུང་ཁྲུང་ལ་སོགས་རྒྱལ་ཁབ་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས། མཚོ་སྔོན་པོའི་གསེར་ཉ་སོགས་འཚོ་བའི་གནས་ཡོངས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་གྱི་ཁོངས་སུ་བླངས་བས། ཁུལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་དང་རང་བྱུང་ལྗོངས་རྒྱུ་གལ་ཆེན་གྱི་ཆ་ཚང་རང་བཞིན་དང་གཉུག་མའི་རང་བཞིན། དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ལེགས་པོ་ཐོབ།
རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་ལམ་ལུགས་སྒྲིག་སྲོལ་འཐུས་ཚང་བཏང་བའི་ཕྱོགས་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་ས་ཚིགས18དུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོབ་ས་ཚིགས་བཙུགས་ཤིང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དང་འཇུ་ལག་ཆུ་འབབ་རྒྱུད་དུ་སྤྱི་ཕན་ཞུ་གཏུག་གི་ཞིབ་བཤེར་འབྲེལ་གཏུག་ས་ཚིགས7བཅས་བཙུགས་པ་དང་། མཚོ་ཤར་དང་མཚོ་ནུབ། མཚོ་ལྷོ་བཅས་ཁུལ་གསུམ་གྱི་བར་ས་ཁོངས་བརྒལ་བའི་སྤྱི་ཕན་ཞུ་གཏུག་འདུམ་འགྲིག་རམ་འདེགས་ལམ་ལུགས་བཙུགས། དེ་དང་ཆབས་ཅིག ཀན་སུའུ་ཞིང་ཆེན་གྱི་འབྲོང་ཡུལ་གྲོང་ཁྱེར་དང་ཝུའུ་ཝེ་གྲོང་ཁྱེར། ཅིན་ཁྲང་གྲོང་ཁྱེར་གསུམ་གྱིས་ཀྱང་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་བཞག་སྟེ། འབྲོང་ཡུལ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་དོ་དམ་ཡན་ལག་ཅུ་དང་། ཀྲུང་ནོང་ཧྥ་ཧྲན་ཏན་རྟ་ར་བཅས་བར་ཡང་རྒྱལ་ཁབ་སྤྱི་གླིང་དོ་དམ་མཉམ་སྐྱོང་གི་གྲོས་ཆིངས་བཞག ཀན་སུའུ་ཞིང་ཆེན་དོ་དམ་སྡེ་ཚན་བར་མཉམ་འབྲེལ་བཙུགས་ནས་ཁྲིམས་བསྟར་ལ་ཤུགས་སྣོན་པ་སོགས་ལས་མང་པོ་བསྒྲུབས་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཕྱོགས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་སོགས་ཀྱི་ཐད་ལ་མ་དངུལ་སྒོར་དུང་ཕྱུར16.4བཏང་ནས་སྲུང་སྐྱོབ་བྱས་པར་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཁོངས་གཏོགས་ལས་གཞི109ཡོངས་ལ་རྩིས་ལེན་ཐོབ། ཁུལ་ཡོངས་སུ་ནགས་ས་ས་མུའུ་ཁྲི793དང་། རྩྭ་ས་ས་མུའུ་ཁྲི2765 བརླན་ས་ས་མུའུ་ཁྲི394.56བཅས་ལ་ལྟ་སྲུང་ལེགས་པོ་ཐོབ། མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་ཁུལ་གྱི་ནགས་རྩྭ་ཁེབས་ཚད30-40%ལ་བསླེབས། བྱེ་བྲག་ས་ཁུལ་གྱི་ཁེབས་ཚད85%ཡན་ལ་བསླེབས། “ལྔ་བཅུ་བཞིའི”ཚུན་ལ་ནགས་ལས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར9.8བཏང་སྟེ། རྩྭ་ས་ས་མུའུ་ཁྲི960སྲུང་སྐྱོབ་དང་སླར་གསོ་བྱས་པ་དང་། རྒྱལ་ཁོངས་ས་ཞིང་ས་མུའུ་ཁྲི108ལྗང་མདོག་ཏུ་བསྒྱུར། མཚོ་སྔོན་པོ་འབབ་རྒྱུད་དང་མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་དང་། ཆུ་གསོ་སྙིལ་བྱེད་ནུས་ཇེ་ཆེར་ཕྱིན་པ་མངོན་གསལ་ཡིན། རྩི་ཤིང་གི་ཁེབས་རྒྱ་དེ2020ལོའི68.95%ནས་ད་ལྟའི69.25%བར་འཕེལ། གསའ་ལྔ་དང་རི་ཞུམ་ལྔ། ཞི་རྒོད་དྲུག གཡི་ལྔ་བཅས་མཉམ་དུ་རོལ་བའི་འཛམ་གླིང་ཀུན་ན་མཐོང་དཀོན་པའི་རྣམ་པ་སྔ་གཞུག་ཏུ་བརྙན་དུ་ཕབ་པས། མདོ་ལ་རི་བོ་དེ“ཞི་ལ་རིགས་བཞིའི”འཚོ་གནས་མཆོག་ཏུ་གྱུར། མཚོ་སྔོན་པོའི་མཚོན་བྱེད་སྲོག་ཆགས་དགོ་དམར་གྱི་མགོ་གྲངས་དེ་ལོ་རབས90བའི300ལྷག་ནས2022ལོའི3400ལྷག་ལ་འཕེལ་བ་དང་། ཆུ་བྱའི་རིགས་བརྒྱ་ལས་བརྒལ་ནས་ཆུ་བྱའི་སྣ་མང་རང་བཞིན་མངོན་དུ་གྱུར་བ་དང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁོངས་ཀྱི་བསགས་འབོར་སླར་གསོ་བྱུང་ནས་ཏུན་ཁྲི11.41ལ་བསླེབས།
མ་འོངས་པར། མཚོ་བྱང་ཁུལ་གྱིས་ལམ་ལུགས་སྒྲིག་སྲོལ་མུ་མཐུད་འཐུས་ཚང་དང་རྨང་གཞི་འཛུགས་སྐྲུན་མུ་མཐུད་ནས་ཇེ་བརྟན། སྐྱེ་ཁམས་བཅོས་སྐྱོང་གི་རྒྱ་མུ་མཐུད་དུ་བསྐྱེད་པ། དྲིལ་སྒྲོག་སློབ་གསོ་དང་ཟབ་སྦྱོང་མུ་མཐུད་དུ་གཏིང་ཟབ། ཐོན་ལས་གོང་ནས་གོང་དུ་འཕེལ་པར་ཤུགས་སྣོན་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་དང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས་གསར་གཏོད་བྱེད་ཐབས་དང་དམིགས་འབེན་འོས་འགན་གྱི་ཁྲོད་དུ་དཔེ་སྟོན་ཁུལ་འཛུགས་སྐྲུན་དོན་འཁྱོལ་བྱ་རྒྱུ་དང་། མཚོ་སྔོན་པོ་འབབ་རྒྱུད་དང་མདོ་ལ་རི་བོའི་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། དཔེ་སྟོན་ཁུལ་འཛུགས་སྐྲུན་ཁྲོད་གཏན་འཁེལ་བྱས་པའི་དཔེ་སྟོན་བྱ་བ་ཁག་དྲུག་གི་ཕྱོགས་བསྡུས་ནུས་པ་མུ་མཐུད་ནས་མཐོར་འདེགས་སུ་གཏོང་རྒྱུ་རེད།