ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།
发布时间:2023年11月02日 消息来源:

ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།

  རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཞི་ཅིན་ཕིང་དང་ལི་ཆང་གིས་གསུང་བཤད་གལ་ཆེན་གནང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་སུ་ཞུགས།

ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཟླ10པའི་ཚེས30ཉིན་ནས་ཚེས31ཉིན་བར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་སུ་ཞུགས།


ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཁྲོད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དངུལ་རྩའི་བྱ་བར་སྤྱི་སྡོམ་མཛད་ཅིང་། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་མཛད་པར་མ་ཟད། ད་ལྟ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་དངུལ་རྩའི་བྱ་བར་བཀོད་སྒྲིག་གནང་། ལི་ཆང་གིས་དངུལ་རྩའི་བྱ་བ་ལེགས་པོར་སྒྲུབ་པར་བྱེ་བྲག་གི་བཀོད་སྒྲིག་གནང་།
གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་དང་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། དངུལ་རྩའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་ལམ་བུར་བསྐྱོད་པ། རང་རྒྱལ་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་སྤྲོད་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག དངུལ་རྩའི་ཁོངས་གཏོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཤིང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པའི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ལེགས་པོར་བརྒྱབ་སྟེ། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་དངུལ་རྩའི་གཞུང་ལུགས་དེ་དེང་རབས་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་ཟུང་འབྲེལ་བྱས་ལ། དུས་རབས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཆོས་ཉིད་ཧུར་ཐག་གིས་ཁོང་དུ་ཆུད་པར་བྱས་ཏེ། རང་རྒྱལ་གྱི་དངུལ་རྩའི་ལས་དོན་གྱི་ལག་ལེན་གསར་སྐྲུན་དང་གཞུང་ལུགས་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་རྒྱུན་མི་ཆད་པར་སྐུལ་འདེད་བཏང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་བགྲོད་ལམ་ཧུར་ཐག་གིས་བཏོད་པ་དང་། ཏང་ཀྲུང་དབྱང་གིས་དངུལ་རྩའི་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན་པ། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ཁ་ཕྱོགས་རྒྱུན་འཁྱོངས་དང་། དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་དེ་རྩ་བའི་དགོངས་པར་འཛིན་པ་རྒྱུན་འཁྱོངས་བྱས་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་དངུལ་རྩའི་བྱ་བའི་གཏན་གྱི་བརྗོད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་སྟེང་དངུལ་རྩའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པ། དངུལ་རྩའི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱས་པ། དངུལ་རྩའི་སྒོ་འབྱེད་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཡོད། ལག་ལེན་གྱི་གྲུབ་འབྲས་དང་གཞུང་ལུགས་ཀྱི་གྲུབ་འབྲས་འདི་དག་ནི་ཐོབ་སླ་བ་ཞིག་གཏན་ནས་མིན། དེ་དང་མཉམ་དུ་དངུལ་རྩའི་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་དང་། འགའ་ཤས་ནི་འབུར་དུ་ཐོན་ཡོད་ལ། དཔལ་འབྱོར་དངུལ་རྩའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔར་བཞིན་ཅུང་མང་བ་དང་། དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་སྤུས་འབྲས་མི་མཐོ་ལ། དངུལ་རྩའི་ཟང་ཟིང་གི་གནས་ཚུལ་དང་རུལ་སུངས་གནད་དོན་སྔར་བཞིན་འབྱུང་བཞིན་ཡོད་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་ནུས་པ་ཞན་པ་བཅས་གསལ་བོར་མཐོང་དགོས། དངུལ་རྩའི་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་ངེས་པ་དོན་གྱིས་མཐོར་འདེགས་གཏོང་བ་དང་། རྒྱལ་དོན་གྱི་ཆེ་ཕྱོགསསེམས་སུ་ཉར་བ། འགན་འཁྲི་དང་ཁག་ཁུར་ཇེ་ཆེར་གཏོང་བ། བློ་ཐག་རྦད་ཆོད་ཀྱིས་གནད་དོན་འདི་དག་རྩ་བ་ནས་ཐག་གཅོད་པ་བཅས་བྱས་ཏེ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རམ་འདེགས་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ད་ལྟ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་ལ། དངུལ་རྩའི་བྱ་བ་ལེགས་པོར་བསྒྲུབ་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ། དངུལ་རྩའི་བྱ་བའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་དམ་པོར་ཁོང་དུ་ཆུད་པ། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་འཛིན་པ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་གཞིར་འཛིན་པ། དངུལ་རྩའི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་གཙོ་གནད་དུ་འཛིན་པ། དངུལ་རྩའི་དཔུང་སྡེའི་དག་གཙང་རང་བཞིན་དང་ཆེད་ལས་རང་བཞིན། འཐབ་རྩོད་ནུས་པ་བཅས་འདེགས་རྟེན་གཙོ་བོར་འཛིན་པ། ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་གཙོ་བོར་འཛིན་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་དམ་པོར་སྲུང་བ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དངུལ་རྩའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་བཞིན་པའི་དངུལ་རྩའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་དངུལ་རྩའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དངུལ་རྩས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྤུས་ཚད་མཐོ་བའི་ཞབས་ཞུ་འདོན་དགོས། དངུལ་རྩའི་ཁོར་ཡུག་ལེགས་པོ་ཤུགས་ཆེན་པོས་བསྐྲུན་ཏེ། འཐབ་ཇུས་ཆེན་མོ་དང་གཙོ་གནད་ཁྱབ་ཁོངས། ཤུགས་ཞན་ས་བཅས་ཀྱི་དངུལ་རྩའི་ཞབས་ཞུ་ལེགས་པོར་དངོས་གནས་ཤུགས་རྒྱག་དགོས། དངུལ་ལོར་སྲིད་ཇུས་ཀྱི་བརྟན་རླིང་རང་བཞིན་དུས་དང་རྣམ་པ་ཀུན་ཏུ་སྲུང་བ་དང་། བརྒལ་བའི་དུས་འཁོར་དང་ཟློག་པའི་དུས་འཁོར་གྱི་སྙོམ་སྒྲིག་སྔར་ལས་ལྷག་པར་གཙིགས་སུ་བཟུང་ནས། དངུལ་ལོར་སྲིད་ཇུས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས། མ་རྩ་མཁོ་འདོན་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ། སྔར་ལས་མང་བའི་དངུལ་རྩའི་ཐོན་ཁུངས་དེ་ཚན་རྩལ་གསར་སྐྲུན་དང་སྔོན་ཐོན་སྒྲིག་བཟོ། ལྗང་མདོག་འཕེལ་རྒྱས་དང་ཁེ་ལས་ཆུང་འབྲིང་བཅས་སུ་སྤྱོད་པར་སྐུལ་སྤེལ་བྱེད་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་སུ་འཕེལ་རྒྱས་འཐབ་ཇུས་ལ་མཐུན་སྦྱོར་བྱེད་པ་ལག་བསྟར་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་ལ་འགན་སྲུང་བྱེད་དགོས། ཕྱོད་ནུས་དམའ་བའི་སྒོ་ནས་སྤྱོད་བཞིན་པའི་དངུལ་རྩའི་ཐོན་ཁུངས་ལེགས་པར་སྤྱད་དེ། མ་དངུལ་སྤྱོད་ཚད་མཐོར་འདེགས་གཏོང་དགོས། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་ཀའི་དངུལ་རྩ་བཅས་དངུལ་རྩའི་ཕྱོགས་ཆེན་པོ་ལྔ་ལེགས་པོར་སྒྲུབ་དགོས། དེང་རབས་དངུལ་རྩའི་ལས་ཁུངས་དང་ཁྲོམ་རའི་མ་ལག་ཤུགས་ཆེན་པོར་བསྐྲུན་ཏེ། མ་དངུལ་དངོས་ཕུང་དཔལ་འབྱོར་གྱི་ལམ་དུ་བསྐྱོད་པའི་ལམ་ཁ་ཕྱེ་དགོས། དངུལ་རྩའི་ཐོན་ཁུངས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ། མ་རྩའི་ཁྲོམ་རའི་གནད་འགག་ནུས་པ་སྔར་ལས་ལྷག་པར་འདོན་དགོས་པ་དང་། རྐང་དངུལ་འཛིན་ལོར་འགྲེམ་སྤེལ་དང་ཐོ་འགོད་བྱེད་པའི་ལམ་ལུགས་དངོས་སྒྲུབ་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྣ་མང་ཅན་གྱི་རྐང་དབང་དངུལ་རྩ་ཐོན་ཁུངས་འཕེལ་རྒྱས་སུ་བཏང་སྟེ། ཚོང་རར་ཞུགས་པའི་ཀུང་སིའི་སྤུས་ཚད་ཆེས་ཆེར་མཐོར་འདེགས་སུ་བཏང་ནས། མ་རྩ་འཇོག་པའི་དངུལ་ཁང་དང་མ་རྩ་འཇོག་པའི་ལས་ཁུངས་རྩེ་གྲ་གསོ་སྐྱོང་བྱེད་དགོས། བུན་འཛིན་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་དགོས། ལས་ཁུངས་ཀྱི་གནས་མཚམས་འཐུས་ཚང་དུ་བཏང་སྟེ། རྒྱལ་དབང་དངུལ་རྩའི་ལས་ཁུངས་ཆེ་གྲས་ཇེ་བཟང་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་གཙོ་ཤུགས་དམག་དཔུང་དང་དངུལ་རྩ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པའི་རྨང་རྡོ་ལྟ་བུ་བྱས་ཏེ། དངུལ་རྩའི་ལས་ཁུངས་ཆུང་འབྲིང་གི་ཞུགས་ཆོག་ཚད་གཞི་དང་ལྟ་སྐུལ་དོ་དམ་བླང་བྱ་གཟབ་ནན་ཡོང་བ་དང་། ས་གནས་ཀྱིས་རང་སའི་ཁྱད་ཆོས་ཅན་གྱི་བདག་གཉེར་བྱེད་པར་རྐང་ཚུགས་ཏེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཀྱི་འགན་ནུས་གནས་མཚམས་ཇེ་དྲག་ཏུ་གཏོང་བ་དང་། ཉེན་བཅོལ་ལས་རིགས་ཀྱི་དཔལ་འབྱོར་མར་ཆག་པ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བའི་བྱེད་ནུས་འདོན་དགོས། ཁྲོམ་རའི་སྒྲིག་སྲོལ་ཇེ་དྲག་ཏུ་བཏང་སྟེ། སྒྲིག་སྲོལ་གཅིག་གྱུར་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་གྱི་དངུལ་རྩའི་ཁྲོམ་ར་བསྐྲུན་ནས། ཡུན་རིང་འཁོར་སྐྱོད་ཐུབ་པའི་མ་རྩ་ཆགས་པར་སྐུལ་སྤེལ་བྱེད་དགོས། ཁྲིམས་མིའི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་དབང་དངུལ་རྩའི་དོ་དམ་འཐུས་ཚང་དུ་བཏང་སྟེ། དངུལ་ཁང་གི་མ་རྩ་ཁ་གསབ་བྱེད་པའི་ལམ་བུ་རྒྱ་བསྐྱེད་ནས། ཐོན་ལས་དང་དངུལ་རྩའི་ཉེན་ཁ་སོ་སོར་འབྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། དངུལ་རྩ་ཆུ་ཚད་མཐོ་བའི་སྒོ་ནས་སྒོ་འབྱེད་བྱེད་པར་སྐུལ་འདེད་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་ཀྱི་དངུལ་རྩ་དང་དཔལ་འབྱོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ནང་དུ་འདྲེན་པདངཕྱི་རུ་བསྐྱོད་པཟུང་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩའི་ཁྱབ་ཁོངས་ཀྱི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བརྟན་བརླིང་སྒོས་རྒྱ་སྐྱེད་པ་དང་། རྒྱལ་ཁོངས་བརྒལ་བའི་མ་དངུལ་གཏོང་རྒྱུ་དེ་སྟབས་བདེ་ཅན་དུ་བསྒྱུར་ནས། ཕྱི་རྒྱལ་གྱི་དངུལ་རྩའི་ལས་ཁུངས་དང་ཡུན་རིང་མ་རྩ་ཀྲུང་གོ་རུ་ཡོང་ནས་ལས་རིགས་སྤེལ་བའི་ལས་ཁུངས་སྔར་ལས་མང་པོ་འགུག་དགོས། ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩ་ལྟེ་གནས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཞང་ཀང་རྒྱལ་སྤྱིའི་དངུལ་རྩ་ལྟེ་གནས་ཀྱི་གོ་གནས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། དངུལ་རྩའི་ཉེན་ཁ་འགོག་ཟོན་ནུས་ལྡན་དང་སེལ་ཐབས་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་ལྡན་རང་བཞིན་དངོས་གནས་མཐོར་འདེགས་གཏོང་བ་དང་། ཁྲིམས་ལྟར་དངུལ་རྩའི་བྱ་འགུལ་ཡོད་ཚད་ལྟ་སྐུལ་དོ་དམ་ནང་བཞག་སྟེ། ལས་ཁུངས་ལ་ལྟ་སྐུལ་དོ་དམ་དང་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ། བྱེད་ནུས་ལ་ལྟ་སྐུལ་དོ་དམ། གསལ་རྟོགས་ཅན་གྱི་ལྟ་སྐུལ་དོ་དམ། རྒྱུད་མཐུད་སྒོས་ལྟ་སྐུལ་དོ་དམ་བྱེད་པ་བཅས་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་བཏང་ནས། ལྟ་སྐུལ་དོ་དམ་གཏན་ནས་མི་བྱེད་པ་དང་བྱེད་པ་མི་འདང་བའི་གནད་དོན་མེད་པར་བཟོས་ཐོག ཁྲིམས་བསྟར་ནན་མོ་ཡོང་བ་དང་རལ་གྲི་འཕྱར་ཕོད་པའི་སྒོ་ནས་ཁྲིམས་འགལ་གྱི་དངུལ་རྩའི་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་དགོས། དངུལ་རྩ་ལས་ཁུངས་ཆུང་འབྲིང་གི་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་དགོས། ས་གནས་ཀྱི་བུ་ལོན་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པའི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་བཙུགས་ཏེ། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་བུ་ལོན་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས། དངུལ་རྩ་དང་ཁང་གཞིས་ཐོན་ལས་འཁོར་རྒྱུག་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁང་གཞིས་ཐོན་ལས་ཀྱི་ཁེ་ལས་བདག་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་དང་དེའི་མ་རྩར་ལྟ་སྐུལ་དོ་དམ་བྱེད་པ་འཐུས་ཚང་དུ་གཏོང་བ། ཁང་གཞིས་ཐོན་ལས་ཀྱི་དངུལ་རྩའི་སྤྱི་ཁོག་ལ་གཟབ་ནན་གྱིས་དོ་དམ་བྱེད་པ་འཐུས་ཚང་དུ་གཏོང་བ། སྤྱི་ལ་དབང་བའི་ཁང་གཞིས་ཐོན་ལས་ཁེ་ལས་ཀྱི་ལུགས་མཐུན་དངུལ་འཇོག་གི་དགོས་མཁོ་སྣ་ཚོགས་ཕྱོགས་རིས་མེད་པར་སྐོང་བ། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་ཏུ་བསྟར་བ་དང་དེའི་སྐོར་གྱི་སྲིད་ཇུས་ལེགས་པོར་སྤྱོད་པ། ངེས་མཁོ་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་སྔར་ལས་ལེགས་པར་རྒྱབ་སྐྱོར་བྱེད་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགསབཟོ་འགོད་ཆེན་པོ་གསུམགྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱིས། ཁང་གཞིས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། དངུལ་རྩའི་ཁྲོམ་ར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྲུང་སྐྱོང་བྱེད་པ་དང་། དངུལ་རྩའི་ཁྲོམ་ར་འགྲེམ་སྤེལ་དང་བརྗེ་རེས་བྱེད་ཚུལ་ཚད་ལྡན་དུ་གཏོང་བ། སྔོན་དཔག་དུས་ཚིགས་ལ་ལུགས་མཐུན་སྒོས་ཁྲིད་སྟོན་བྱེད་པ་བཅས་ཀྱིས། མངའ་ཁོངས་དང་ཁྲོམ་ར། ས་ཁུལ་བཅས་བརྒལ་ནས་ཉེན་ཁ་མུ་ནས་མུ་རུ་བརྒྱུད་པ་འགོག་ཟོན་བྱེད་དགོས། ཕྱི་རྒྱལ་དངུལ་འགྲུལ་གྱི་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་པ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་ཆ་སྙོམས་ཀྱི་ཆུ་ཚད་སྟེང་ནས་ཕལ་ཆེར་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་དགོས། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་ན། ཁེ་དབང་དང་འགན་འཁྲིའི་འབྲེལ་བ་ཁོང་དུ་ཆུད་ཡག་བྱས་ཏེ། དབང་འགན་གཅིག་གྱུར་འཐུས་ཚང་དང་སྐུལ་སློང་གཅུན་སྡོམ་ཕན་ཚུན་མཐུན་པོ་ཡོང་བའི་ཉེན་ཁ་ཐག་གཅོད་པའི་འགན་འཁྲིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། མགྱོགས་པོ་དང་བརྟན་པོའི་འབྲེལ་བ་ཁོང་དུ་ཆུད་ཡག་བྱས་ཏེ། སྤྱི་ཡོངས་བརྟན་བརླིང་ཡོང་བའི་སྔོན་འགྲོའི་འོག་དུས་ཚད་དང་ཕན་འབྲས་ཤེས་རྟོགས་བྱས་ནས།  ཏན་ཏིག་དང་བརྟན་པོའི་སྒོ་ནས་ཉེན་ཁ་སེལ་བ་དང་། ཁྲིམས་འགལ་ནག་ཉེས་དང་རུལ་སུངས་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆད་གཅོད་ནན་མོ་བྱས་ཏེ། ཀུན་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱེད་དགོས། ཉེན་ཁ་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་དྲན་སྐུལ་བྱེད་པ། སྔ་མོ་ནས་ཕྱིར་མངོན་པ་དང་སྔ་མོ་ནས་ཐག་གཅོད་པ་བཅས་བྱས་ཏེ། གཅུན་སྡོམ་དམ་པོའི་དབང་དུ་ཚུད་པའི་དངུལ་རྩའི་ཉེན་ཁ་སྔ་མོ་ནས་ཡོ་བསྲང་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན།  ཏང་ཀྲུང་དབྱང་གིས་དངུལ་རྩའི་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་པར་ཤུགས་སྣོན་པ་ནི། དངུལ་རྩའི་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན། ཏང་གིས་དངུལ་རྩའི་བྱ་བར་སྣེ་ཁྲིད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ན། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། གཅིག་འགྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་འགག་གནད་དམ་འཛིན་ལེགས་པོ་བྱེད་དགོས། ཀྲུང་དབྱང་དངུལ་རྩ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་དགོས། ས་གནས་ཏང་ཨུའི་དངུལ་རྩ་ཨུ་ཡོན་ལྷན་ཁང་དང་དངུལ་རྩ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ།ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དངོས་འབེབས་བྱེད་དགོས།

ཆབ་སྲིད་ཀྱི་འདུ་ཤེས་དྲག་པོ་ལྡན་པ་དང་ནུས་པ་ཆེན་པོ་ལྡན་པ། བྱ་སྤྱོད་ལེགས་པོ་ལྡན་པའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། བློ་དཀར་སྤྱོད་གཙང་དང་། ཁུར་ཁུར་ཡོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་འཇོན་མིའི་དཔུང་སྡེ་འཛུགས་དགོས། དངུལ་རྩའི་ཁྱབ་ཁོངས་སུ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། ཁ་དན་ཚིག་གནས་དང་དྲང་བསྟུན་ཁེ་ལེན། གཟབ་བརླིང་བརྟན་གསུམ། བདེན་སྲུང་གསར་གཏོད། ཁྲིམས་མཐུན་ལུགས་མཐུན་བཅས་རྒྱུན་སྲུང་བྱེད་དགོས། དངུལ་རྩའི་ཐད་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དངུལ་རྩའི་ཁྱབ་ཁོངས་གཙོ་བོ་དང་གསར་དར་ཁྱབ་ཁོངས་སུ་ཁྲིམས་འཛུགས་པར་དུས་ཐོག་ཏུ་སྐུལ་འདེད་བཏང་སྟེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དངུལ་རྩའི་ལས་རིགས་འཕེལ་རྒྱས་ཐད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་གསལ་པོ་བཏབ་ཡོད་པ་དང་།དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་ལ།མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དངུལ་རྩའི་གནད་དོན་སྐོར་གྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ཡང་ཡིན་པས། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་དངུལ་རྩ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཐད་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་ལེགས་པོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་རང་འགུལ་གྱིས་ལག་ལེན་དངོས་འབེབས་བྱེད་དགོས། དངུལ་རྩའི་སྤྱི་ཁོག་སྙོམས་སྒྲིག་འཐུས་ཚང་དུ་གཏོང་བ་དང་།དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་ཐད་ཀྱི་མཁོ་འདོན་ཆོས་ཉིད་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་ཡག་བྱས་ཏེ།དངུལ་ལོར་མཁོ་འདོན་གྱི་སྤྱི་གྲངས་དང་གྲུབ་ཚུལ་གྱི་སྙོམས་སྒྲིག་གཉིས་ལེགས་སྒྲིག་བྱེད་པར་ཤུགས་སྣོན་དགོས།དངུལ་རྩའི་སྤུས་ལེགས་ཞབས་ཞུ་ལ་ཤུགས་སྣོན་པ་དང་།དངུལ་རྩ་ཚད་མཐོན་པོའི་སྒོ་ནས་སྒོ་འབྱེད་རྒྱ་སྐྱེད་བྱས་ཏེ།ཕྱི་རུ་སྐྱོད་པདངརྒྱུད་གཅིག་ལམ་གཅིགའཛུགས་སྐྲུན་ལ་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་།མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།དངུལ་རྩའི་དོ་དམ་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་ནུས་ལྡན་སྒོས་འགོག་ཟོན་དང་སེལ་ཐབས་བྱེད་དགོས།དེང་སྐབས་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བ་ཤུགས་ཆེན་པོས་ལེགས་པོར་སྒྲུབ་པ་དང་།སྲིད་ཇུས་ལག་བསྟར་དང་བྱ་བར་སྐུལ་འདེད་གཏོང་ཚད་ཆེ་རུ་གཏོང་བ། འཁོར་རྒྱུག་རང་བཞིན་གྱི་ལུགས་མཐུན་འདང་ངེས་རྒྱུན་འཁྱོངས་བྱེད་པ་དང་མ་དངུལ་རུབ་བསྡུ་ཡི་མ་རྩ་བསྟུད་མར་མར་འབབ་པ། མ་རྩའི་ཁྲོམ་ར་ཧུར་པོར་གཏོང་བ།ནང་མཁོ་སྔར་ལས་རྒྱ་སྐྱེད་པ།ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ།ཚན་རྩལ་གསར་པ་དང་འགྲན་ར་གསར་པ།ཚོང་ཁྲོམ་གསར་པ་བཅས་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ།སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་མྱུར་དུ་སྐྱེད་སྲིང་བྱེད་དགོས།

གྲོས་ཚོགས་ཀྱིས་བླང་བྱ་འདོན་རྒྱུར། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ། ནང་སྒོས་སུ་དངུལ་རྩའི་ཁོངས་གཏོགས་ཀྱིས་བསམ་བློ་དང་འགུལ་སྐྱོད་ཡོད་ཚད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།ཏང་གིས་དངུལ་རྩའི་བྱ་བར་མགོ་ཁྲིད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ།དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ།དངུལ་རྩ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་ལེགས་པོར་བསྒྲུབ་དགོས་ལ།དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་པ་དང་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་ལེགས་པོ་བྱེད་པ།དངུལ་རྩའི་ལས་བྱེད་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ།བྱ་བའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་འབེབས་ཡོང་བར་ཁག་ཐེག་བྱེད་དགོས།

ཧོ་ལི་ཧྥེང་གིས་སྤྱི་སྡོམ་གསུང་བཤད་གནང་། ཀྲུང་གོ་མི་དམངས་དངུལ་ཁང་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། པེ་ཅིན་གྲོང་ཁྱེར་དང་ལུའོ་ཉིང་ཞིང་ཆེན། ཧུའུ་པེ་ཞིང་ཆེན།སི་ཁྲོན་ཞིང་ཆེན་བཅས་ཀྱི་བློ་མཐུན་འགན་འཁུར་པ་རྣམས་ཀྱིས་བརྗེ་རེས་ཀྱི་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་རྣམས་གྲོས་ཚོགས་སུ་ཞུགས།

ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་སོ་སོའི་ཆུས་དང་གྲོང་ཁྱེར་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གམ་འབྲེལ་ཡོད་མི་དམངས་ཚོགས་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་སམ་ཁེ་ལས་ཁ་ཤས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་སུ་ཞུགས།།

ཞིན་ཧྭ་གསར་འགྱུར་ཁང་་གི་གློག་འཕྲིན།