གསར་འགྱུར་གལ་ཆེན།
གསར་འགྱུར་གལ་ཆེན།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
-
ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝུ་ར་ཀུའེ(乌拉圭)ཡི་ཙུང་ཐུང་ལཱ་ཁ་ལེ(拉卡列)དང་གྲོས་མོལ་གནང་། ཕྱོགས་གཉིས་པོའི་གཙོ་བདག་གིས་ཀྲུང་ཝུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྤོར་རྒྱུ་ཁྱབ་བསྒྲགས་གནང་།
-
ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཏུའུ་མའི་ཀྲུའུ་ཞི་ཨོ་ལུའོ་ཅིན་དང་ཐུགས་འཕྲད་གནང་།
-
རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཐོན་ཁུལ་གཙོ་བོའི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་རིམ་རྩིས་བྱས་ན་ཏུན་ཁྲི6000ལས་བརྒལ་ཡོད་པ་རེད།
-
ཚེས22ཉིན་བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ10པའི་ཟླ་མཇུག་བར་དུ་རང་རྒྱལ་གྱི5Gསྦྲེལ་ཚུགས་ཁྱོན་ཁྲི321.5ཡོད། དེས་སྒུལ་བདེའི་སྦྲེལ་ཚུགས་སྡོམ་འབོར་གྱི28.1%ཟིན་ཡོད།
-
འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ10པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་དུ་རིམ་རྩིས་བྱས་ན་གློག་གསོག་ཡོ་བྱད་ཁྲི2བསྐྲུན་ཡོད།
-
ཚེས22ཉིན། 2023ལོའི་ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི་གསབ་གདམ་བྱས་པའི་མཇུག་འབྲས་ཡོངས་བསྒྲགས་བྱས་ཤིང་མི133བདམས་ཐོན་བྱུང་ཡོད།
-
འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བཟའ་བཅའི་ཉོ་ཚོང་སྡོམ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི1.5ཟིན། དུས་མཚུངས་ལས9.5%འཕར་ཡོད།
-
ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གདུང་རུས་ཁག་བཅུ་པ་པུར་སྒམ་དུ་འཇུག་པའི་མཛད་སྒོ་ཚེས22ཉིན་ལྷོ་ཁོ་རེ་ཡའི་རེན་ཁྲོན་དུ་འཚོགས། ཀྲུང་ཁོ་ཕྱོགས་གཉིས་པོས་ཚེས22ཉིན་གདུང་རུས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས།
-
ཚེས22ཉིན་གྱི་ཐོ་རེངས་སུ། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས40པ་སྒྲུབ་བཞིན་པའི“གངས་འབྲུག་ཨང་གཉིས་པ”རྟགས་ཅན་གྱི་གྲུ་གཟིངས་ནེའུ་ཙི་ལན་གྱི་ལི་ཐེར་ཏུན་གྲུ་ཁ་ནས་བསྡད་ཅིང་། དེ་ནས་དངོས་ཟོག་མཁོ་སྤྲོད་སོགས་བྱེད་རྒྱུ་ཡིན་པ་དང་། རུ་མི་གསར་པ7གྲུ་གཟིངས་ཐོག་བསྐྱོད་རྒྱུ་རེད།
-
ཚེས22ཉིན་གྱི་ཐོ་རེངས་སུ། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་དང་དུས་ཡུན་ཉིན་བཞིའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
སྤྱི་ཚོགས།
-
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་གྲང་རྒྱུན་གྱི་སྔོན་བརྡ་སེར་བོ་ཁྱབ་བསྒྲགས་བྱས་པ་སྟེ། ཚེས22ཉིན་གྱི་ཆུ་ཚོད20པ་ནས་ཚེས25ཉིན་གྱི་ཆུ་ཚོད8པའི་བར་ཀན་སུའུ་དང་ཉིང་ཞ། ཧྲའན་ཞི། ནང་སོག་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་སྔ་རྗེས་སུ་དྲོད་ཚད6ནས10བར་མར་ཆག་རྒྱུ་རེད།
-
སློབ་གསོ་པུས་གནས་ཚུལ་སྤེལ་བ་སྟེ། སྡོམ་རྩིས་བྱས་པར་གཞིགས་ན། 2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི438ཟིན་ཡོད།
-
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཡིད་རྟོན་ཤོར་བའི་སྨན་རྫས་ཁེ་ལས26དམར་འདོན་བྱས།
-
ཚེས22ཉིན་འཚོགས་པའི2023ལོའི་རྒྱལ་ཡོངས་ཀྱི་ཆུ་མཆོང་ལེགས་སྐྱེས་འགྲན་བསྡུར་གྱི་སྨི10ཡི་མཆོང་སྟེགས་ཀྱི་མཐའ་བསྡུར་ནང་ཁྲེན་ཡུས་ཅིང་གིས་ཨང་དང་པོ་བླངས་པ་དང་ཆོན་ཧྲེང་གིས་ཨང་གཉིས་པ་བླངས།
-
ཉེ་ཆར། ཧུའུ་ནན་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་ལྟེ་གནས་ཀྱིས་འདེབས་གསོ་དང་རེ་ཞུ་བྱས་པའི“ཞི་ཙི་ཨང3པ”དེ་རྒྱལ་ཁབ་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ཁད་དམའ་བའི་ཆུ་འབྲས་ཀྱི་རིགས་སུ་བདམས།
-
ཉིན་ཤས་གོང་། རང་རྒྱལ་གྱི་མཚོ་ཐོག་གི་རླབས་མང་སྤྲིན་སྨུག་ལྟ་ཞིབ་ཚད་ལེན་གྱི་མི་མེད་དམག་གྲུས་ཧོང་ཧའེ་ཡི་མཚོ་ཁོངས་སུ་ལྟ་ཞིབ་ཚད་ལེན་བྱས། འདི་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གནམ་གཤིས་ཐད་ཀྱི་མི་མེད་གྲུ་གཟིངས་ཀྱིས་རྒྱང་རིང་མཚོ་སྐྱོད་སྐབས་སུ་ལྟ་ཞིབ་ཚད་ལེན་ཚོད་ལྟ་བྱས་པ་ཐེངས་དང་པོ་ཡིན།
-
ཉེ་ཆར། པེ་ཅིང་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁོངས་ལས་བརྒལ་བའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གཏོང་མཁན་གྱི་ཉེས་གསོག་དོགས་ཅན125ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད།
-
ཀྲེ་ཅང་ཉིང་པོའི་བུད་མེད་ཅིག་གིས་སེམས་ཆུང་མ་བྱས་པར་ཆུར་ལྷུང་བ་ན། ལོ56ལ་སླེབས་པའི་ལི་ཕིང་ཏ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་ནང་དུ་ལྡིང་ནས་ཆུར་ལྷུང་བའི་བུད་མེད་མཚོ་འགྲམ་དུ་བསྐྱབས།
སྲིད་ཇུས།
-
པེ་ཅིང་གིས་ཇུས་གཞི་པར་འགྲེམས་བྱས་པ་སྟེ། གྲོང་ཁྱེར་ཡོངས་སུ་བདེ་ཐང་སླར་གསོའི་རམ་འདེགས་ཡོ་བྱད་ཀྱི་བོགས་གཏོང་ཞབས་ཞུ་སྡེ་ཁུལ་ནས་སྤེལ་རྒྱུ་རེད། སྔོན་དཔག་བྱས་ན། 2025ལོར་སླེབས་སྐབས་སྡེ་ཁུལ་ཡོངས་སུ་ཁྱབ་ཐུབ་རྒྱུ་རེད།
-
ཅང་སུའུ་ཡིས་རྒན་གསོ་ནད་གཡོག་གི་ཆེད་ལས་ལག་རྩལ་ཐོབ་ཐང་དེ་འཕྲོད་བསྟེན་མ་ལག་གི་རིམ་པ་གཉིས་པའི་ཡན་ལག་རིམ་པར་བརྩིས་ཏེ། དམའ་རིམ་དང་། འབྲིང་རིམ། མཐོ་རིམ་གཞོན་པ་བཅས་ཀྱི་རིམ་པ་གསུམ་འཛུགས་རྒྱུ་ཡིན་པ་ཁ་གསལ་བཏོན།
-
ཡུན་ནན་ཁུན་མིང་གིས་བརྡ་ཐོ་བཏང་བ་སྟེ། ཕྲུ་གུ་ལོ3ལ་མ་སླེབས་པ་ལ་བཟའ་ཚོ་གཉིས་གནས་སའི་ལས་ཁུངས་ཀྱིས་ལོ་ལྟར་རིམ་རྩིས་བྱས་ན་ཉིན10ཡི་ཕྲུ་གུའི་གུང་གསེང་སྤྲོད་རྒྱུ་དང་། ལོ3ལ་མ་སླེབས་པའི་བུ་ཕྲུག་གཉིས་ཡན་ཡོད་ཚེ་དེའི་སྟེང་དུ་ཉིན5སྣོན་རྒྱུ་རེད།
དེ་རིང་གི་གནམ་གཤིས།
-
ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ཤར་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་བྱང་རྒྱུད། ཤིན་ཅང་དབྱི་ལི་ལུང་གཞུང་གི་ས་བབ་མཐོ་བའི་ས་ཁུལ། བོད་ལྗོངས་ཀྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེ་དག་གི་ཁྲོད་ཧེ་ལུང་ཅང་གི་ཤར་རྒྱུད་དང་ཅི་ལིན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་གཅིག་ཏུ་ཁངས་ཆག་ལྷུང་རྒྱུ་རེད། ཤིན་ཅང་དབྱི་ལིའི་ལུང་གཞུང་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་ལྷོ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་དབུས་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་རྒྱུ་རེད།